༄༅༎ཉེ་ཆར་ཧེ་ཀྲི་ཡུལ་གྲུའི་ནང་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་བྱུང་བ་དེར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སུད་སི་གྲོང་ཁྱེར་ཇི་ནི་ལྦ་དུ་ཡོད་པའི་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་རོགས་ཚོགས་བརྒྱུད་རོགས་དངུལ་སུད་སི་ཕེ་རེང་འབུམ་གཅིག་ཞལ་འདེབས་གནང་ཡོད་པ་རེད།
དེ་རིང་ཕྱི་ཚེས་༤ཉིན་བཙན་བྱོལ་བོད་གཞུང་གི་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང་། རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་རོགས་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སྦེ་ཀེ་ལེ་ཇེ་ལེ་ཀྲ་ཡིས། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཧེ་ཀྲི་ཡུལ་གྲུའི་རང་འབྱུང་གི་གནོད་འཚེར་རོགས་སྐྱོར་གནང་བར་དགའ་བསུ་དང་ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་ཆོས་འཚོ་མཐུན་གྱི་མཐུན་འགྱུར་རོགས་སྐྱོར་གནང་བ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། ད་དུང་ཁོང་གིས་གསུངས་པར། རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་རོགས་ཚོགས་བརྒྱུད་དེ་ཧེ་ཀྲི་ནང་དུ་ས་ཡོམ་གྱི་གནོད་འཚེ་ཕོག་པའི་མི་དམངས་ཚོར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གདུང་སེམས་མཉམ་བསྐྱེད་བྱེད་མཁན་ཆེས་མང་པོ་ཡོད་པ་མ་ཟད་རྒྱལ་སྤྱིའི་རྒྱ་གྲམ་དམར་པོས་གོད་ཆགས་ཕོག་པའི་མི་དམངས་ཚོའི་ཚེ་སྲོག་སྐྱོབ་པའི་ལས་དོན་ནང་ལའང་དོན་ངོ་མའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་བྱེད་མཁན་དང་སེམས་འཁུར་བྱེད་མཁན་མང་པོ་ཡོད་པའི་སྐོར་གསུངས་ཡོད་པ་རེད། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་ཧེ་ཀྲི་ཡུལ་གྲུའི་ནང་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་དེའི་ནང་གོད་ཆགས་ཕོག་པའི་མི་དམངས་ཚོར་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེད་ཡོད་ཅེས་བཀའ་གནང་ཡོད་པ་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གསུངས་པར་གཞིགས་ན། ཉེ་ཆར་ཕྱི་ཟླ་དང་པོའི་ཚེས་༡༢ཉིན་ཧེ་ཀྲི་ཡུལ་གྲུའི་ནང་ས་ཡོམ་འགུལ་ཚད་༧བརྒྱབ་ཏེ་ཁྱོན་ད་བར་མི་གྲངས་འབུམ་གཉིས་ལྷག་རྐྱེན་ལམ་དུ་ཕྱིན་པ་དང་མི་དམངས་ས་ཡ་གཅིག་ལྷག་སྡོད་ཁྱིམ་མེད་པར་གྱུར་བའི་རང་འབྱུང་གནོད་འཚེ་ཚབས་ཆེ་དེ་བྱུང་བ་ནས་བཟུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཞི་རྒྱ་ཆེ་བའི་རོགས་སྐྱོར་གྱི་ལས་དོན་སྤེལ་བཞིན་ཡོད་པའི་སྐོར་གསུངས་ཡོད་པ་རེད།