༸གོང་ས་མཆོག་གིས། འདི་ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་རྣམ་པར་འཚམས་འདྲིའི་གསུང་འཕྲིན་སྩལ་བ།

2022.10.08
༸གོང་ས་མཆོག་གིས། འདི་ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་རྣམ་པར་འཚམས་འདྲིའི་གསུང་འཕྲིན་སྩལ་བ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
OHHDL

སྤྱི་ལོ་ ༢༠༢༢ ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་དེ་བཞིན་Belarusརྒྱལ་ཁབ་ནས་ཡིན་པའི་སྐུ་ཞབས་Ales Bialiatskiལགས་དང་། ར་ཤི་ཡ་ནང་རྟེན་གཞི་བྱས་པའི་“རྗེས་དྲན་(Memorial)”ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། དེ་བཞིན་ཡུ་ཀེ་རིན་ནང་རྟེན་གཞི་བྱས་པའི་སྤྱི་དམངས་ཀྱི་རང་དབང་ལྟེ་གནས་ཁང་(Center for Civil Liberties)བཅས་སྤྱི་སྒེར་གྱི་སྡེ་ཁག་གསུམ་ལ་གནང་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ཚེས་༨ ཉིན་གྱི་སྔ་དྲོ་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས། འདི་ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་སྤྱི་སྒེར་སྡེ་ཁག་གསུམ་ལ་ཐུགས་བརྩེ་བ་ཆེན་པོས་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་པའི་ནང་། འདི་ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ཚོས། འགྲོ་བ་མི་ཚང་མར་དགོས་མཁོའི་རང་དབང་དང་འཇིགས་སྐྲག་ལས་གྲོལ་བའི་རང་དབང་དགོས་པ་གཅིག་མཚུངས་ཡིན་པ་ངོས་འཛིན་གྱིས། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་། ཡོངས་ཁྱབ་ཡིན་པ་གསལ་སྟོན་བྱེད་ཡོད་ཅེས་བཀའ་གནང་འདུག

ནོ་བྷེལ་ཚོགས་ཆུང་གིས་སྤྱི་སྒེར་དེ་དག་གིས་འགྲོ་བ་མིའི་བདེ་རྩར་ཕན་པའི་ཞབས་འདེགས་ཞུས་པར་ངོས་འཛིན་གྱིས་ཞི་བདེའི་གཟེངས་རྟགས་གནང་བ་དེས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་དང་། ཞི་བདེ། རང་དབང་། མང་གཙོ་བཅས་གོང་མཐོར་ཡོང་བར་སྤྱི་དམངས་ཚོགས་སྡེ་ཁག་ནི་ཧ་ཅང་གི་གལ་ཆེ་ཡིན་པ་གསལ་སྟོན་ཡང་བྱས་ཡོད་ཅེས་བཀའ་གནང་འདུག

ཡང་མུ་མཐུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་འཚམས་འདྲིའི་གསུང་འཕྲིན་ནང་། དེང་སྐབས་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་འགའ་ཞིག་ནི་རང་བྱུང་གི་གོད་ཆག་ལས་ཡོང་གི་ཡོད་པ་དང་། དཀའ་ངལ་འགའ་ཤས་ནི་འགྲོ་བ་མི་ཕན་ཚུན་དབར་ཆབ་སྲིད་དང་། ཆོས་ལུགས། ལྟ་གྲུབ་སོགས་མི་མཐུན་པའི་དབང་གིས་ཡོང་གི་ཡོད་པ་མ་ཟད། ལྷག་ཏུ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དང་སའི་གོ་ལ་སྟེ་ཁྱིམ་གཞི་གཅིག་ནང་གནས་ཡོད་པའི་དྲན་ཤེས་ཉམས་པའི་རྗེས་འབྲས་སུ་ཕན་ཚུན་རྩོད་རྙོག་བྱུང་གི་ཡོད་ཅེས་བཀའ་གནང་འདུག

དེང་གི་མང་གཙོའི་རིན་ཐང་དང་། གུ་ཡངས་ཀྱི་སྤྱི་ཚོགས། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མཐོང་། དེ་བཞིན་འདྲ་མཉམ་སོགས་ནི་འཛམ་གླིང་ཀུན་ཁྱབ་ཀྱི་རིན་ཐང་བྱེད་ཡུལ་ཞིག་ཏུ་གྱུར་ཡོད། ལྷག་ཏུ་མང་གཙོའི་རིན་ཐང་དང་། གཞི་རྩའི་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་གཉིས་དབར་དམིགས་བསལ་གྱི་འབྲེལ་བ་ཡོད། དེ་ཡང་ཇི་སྲིད་མང་གཙོའི་ལམ་ལུགས་གནས་ཡོད་ཚེ། དེ་སྲིད་དུ་འགྲོ་བ་མིའི་གཞི་རྩའི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་ཐུབ་ལ། ཇི་ཙམ་གྱི་འགྲོ་བ་མིའི་གཞི་རྩའི་རིན་ཐང་དར་ཁྱབ་ཕྱིན་པ་ཡིན་ན། དེ་བས་མང་གཙོ་འཕེལ་རྒྱས་འགྲོ་ངེས་ཡིན། དེ་ལས་གལ་ཆེ་བ་ཞིག་སྟེ། འཛམ་གླིང་ཞི་བདེ་ཡོང་བར་མང་གཙོའི་ལམ་ལུགས་ལ་ཧ་ཅང་གི་ནུས་པ་ཡོད་ཅེས་བཀའ་ཕེབས་འདུག

ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་ཆོས་ལུགས་འདྲ་མིན་དང་སྣ་མང་རང་བཞིན་གྱི་རིག་གཞུང་དེ་དག་གིས་སོ་སོའི་སྡེ་ཁག་ཏུ་འགྲོ་བ་མིའི་གཞི་རྩའི་རང་དབང་འཕེལ་རྒྱས་ཡོང་བར་ཤུགས་སྣོན་རྒྱག་དགོས་པའི་གལ་གནད་སྐོར་དང་། ཆོས་ལུགས་དང་རིག་གཞུང་སྣ་མང་རང་བཞིན་གྱི་གལ་གནད་གཞི་རྩར་འཛིན་པའི་ཐོག་ནས་གཅིག་གྱུར་གྱི་འདུ་ཤེས་ཉམས་ལེན་དགོས་གལ་ཆེ་བའི་སྐོར་གསུང་འཕྲིན་སྩལ་འདུག་ཅིང་། ཆོས་ལུགས་འདྲ་མིན་དང་། རིགས། ཕོ་མོ་དབྱེ་བ། དེ་བཞིན་སྤྱི་ཚོགས་ཀྱི་གནས་སྟངས་འདྲ་མིན་ཡོད་མིན་ལ་མ་བལྟོས་པར་འགྲོ་བ་མི་ཚང་མར་ཐུན་མོང་གི་དགོས་མཁོ་མང་དག་ཅིག་ཡོད། ང་ཚོ་ཚང་མས་བདེ་སྐྱིད་འཚོལ་ཀྱི་ཡོད་པ་དང་། སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་ཞེས་བཀའ་གནང་འདུག

ཡང་མཐའ་མཇུག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་ཀྱིས་ད་རེས་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་གསུམ་པོ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ལྷན་ཚོགས་སུ་ཕེབས་པར་འཚམས་འདྲི་ཞུ་རྒྱུ་ཡིན། འདི་ལྟ་བུའི་གཟེངས་རྟགས་ཀྱིས་ཚང་མར་སེམས་ཤུགས་ཕར་མ་ཞིག་སྦྱིན་པ་ངོས་ཀྱི་རེ་བ་བྱེད་ཀྱི་ཡོད་ལ། འགྲོ་བ་མིའི་དཀའ་སྡུག་དེ་དག་གྲོས་མོལ་གྱི་ལམ་ནས་སེལ་བ་ཡིན་ན། ཕྱོགས་གཉིས་ཀར་བདེ་སྐྱིད་དང་ཁེ་ཕན་ཡོང་ངེས་ཡིན་ཞེས་བཀའ་གནང་འདུག

ཕྱི་ལོ་ ༡༩༨༩ ལོར་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་བདེན་དོན་འཐབ་རྩོད་དེ་འཚེ་མེད་ཞི་བ་དང་། ཕན་ཚུན་གཉིས་ཕན་གཙོ་བཟུང་། དེ་བཞིན་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་དང་། ཁོར་ཡུག་གི་གནད་དོན་སོགས་རྩོད་རྙོག་ཇི་ཡོད་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་དགོས་པ་དང་། འགྲོ་བ་མི་ཙམ་མིན་པར་སའི་གོ་ལའི་སྣོད་བཅུད་དང་སྐྱེ་ཁམས་ཡོངས་ལ་འཚེ་བ་སྤོང་དགོས་པའི་ཀུན་ཁྱབ་སེམས་ཁུར་གྱི་ལྟ་གྲུབ་ལམ་སྟོན་མཛད་པ་བཅས་ལ་ཡི་རངས་དང་བསྔགས་བརྗོད་ཀྱིས་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་པ་རེད། 

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎