༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྩོམ་རིག་དུས་སྟོན་ཐོག་གསུང་འཕྲིན་བསྩལ་གནང་མཛད་ཡོད་པ།

2022.03.26
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྩོམ་རིག་དུས་སྟོན་ཐོག་གསུང་འཕྲིན་བསྩལ་གནང་མཛད་ཡོད་པ། བཞུགས་སྒར་དུ་བསྐོང་ཚོགས་གནང་བའི་རྩོམ་རིག་དུས་སྟོན་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལ་དོ་སྣང་ཡོང་བའི་ཐུགས་རེ་གནང་བཞིན་ཡོད་ཅེས་གསུང་འཕྲིན་ནང་བཀའ་གནང་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

ཟླ་འདིའི་ཕྱི་ཚེས་༢༦ཉིན་བཞུགས་སྒར་རྡ་རམ་ས་ལའི་རྫོང་དཔོན་ལས་ཁུངས་ཀྱིས་རྡ་ས་ཁུལ་དུ་རྩོམ་རིག་དར་འཕེལ་ལ་དམིགས་ཏེ། རྡ་རམ་ས་ལར་རྩོམ་རིག་དུས་སྟོན་ཐོག་མ་དེ་སྐོང་ཚོགས་གནང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་རྩོམ་རིག་དུས་སྟོན་དེའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང་། མགོན་པོ་གང་ཉིད་འདས་པའི་ལོ་ངོ་ ༦༠ ལྷག་རིང་བཞུགས་ཡུལ་གྱི་གྲོང་སྡེ་རྡ་རམ་ས་ལའི་ནང་རྩོམ་རིག་དུས་སྟོན་ཞིག་སྤེལ་ཐུབ་པ་དེར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་གནང་བ་དང་འབྲེལ་དུས་སྟོན་དེའི་ཐོག་ཞུགས་མཁན་རྣམས་ལ་འཚམས་འདྲི་ཡོད་ཅེས་དང་། རྡ་སའི་རྩོམ་རིག་དུས་སྟོན་འདི་བཞིན་དཔེ་ཆ་དང་དཔེ་ཀློག་སྲུང་བརྩི་ཞུ་རྒྱུའི་དུས་ཚིགས་ཤིག་ཏུ་འགྱུར་རྒྱུ་ཙམ་མ་ཡིན་པར། ཚང་མས་སེམས་དང་སེམས་ཚོར་སྐོར་གྱི་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཕྱུག་པོ་ཡོད་པ་དེ་དག་གིས་ཉོན་མོངས་ལ་ཁ་གཏད་ཇི་ལྟར་གཅོག་གི་ཡོད་མེད་སྐོར་ལ་དོ་སྣང་ཡོང་བའི་ཐུགས་རེ་གནང་གི་ཡོད་པ་བཀའ་གནང་སྟེ། མདོར་བསྡུས་ན། རྒྱ་གར་གྱི་གནའ་བོའི་རིག་གཞུང་དེར་འཛམ་གླིང་ནང་ཞི་བདེ་དང་བདེ་སྐྱིད་བསྐྲུན་ཐུབ་པའི་ནུས་པ་ཡོད་པ་མ་ཟད། རྒྱ་གར་དང་འཛམ་གླིང་གི་ས་ཕྱོགས་གཞན་གྱི་དེང་རབས་རྩོམ་རིག་ནི་གསུང་རབས་ཀྱི་ནང་དུ་ཡོད་པ་ཙམ་མིན་པར། རྩོམ་རིག་ནང་ལོ་རྒྱུས་དང་། བརྩམས་སྒྲུང་། གཏམ་བརྗོད་ཟློས་གར། སྙན་ངག ཁོར་ཡུག་བཅས་ཚུད་ཡོད་པ་དང་། རྩོམ་རིག་བརྒྱུད་ནས་མི་གཞན་གྱི་འཚོ་བར་རྒྱུས་ལོན་བྱེད་ཐབས་དེས། ས་འབབ་དང་གནམ་གཤིས། སྤྱི་ཚོགས་ཀྱི་གོམས་སྲོལ་འདྲ་མིན་ལས་ཐོན་པའི་སྣ་མང་རིག་གཞུང་ཁག་ལ་གོ་རྟོགས་ཡོང་རྒྱུར་ཕན་ཐོགས་ཡོད་པ་བཀའ་བསྩལ་གནང་མཛད་འདུག རྡ་ཤོད་ཀྱི་རྒྱ་གར་མཐོ་རིམ་སློབ་གཉེར་ཁང་དུ་སྤེལ་བའི་རྩོམ་རིག་དུས་སྟོན་དེར། རྒྱ་གར་གྱི་རྩོམ་པ་པོ་དང་སྙན་ངག་པ་རྣམས་ཀྱིས་གཏམ་བཤད་གནང་འདུག་ལ། བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་དང་། སྙན་ངག་པ་དང་ཉམས་ཞིབ་པ་ཚེ་རིང་བཀྲ་ཤིས་ལགས་གཉིས་ཀྱིས་བོད་ཕྱི་ནང་གི་རྩོམ་རིག་སྤྱིའི་གནས་བབས་སྐོར་གཏམ་བཤད་གནང་ཡོད་པ་དང་། སྙན་ངག་པ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་སྙན་ངག་གྱེར་འདོན་གནང་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎