༄༅། །༧གོང་ས་མཆོག་ནས་ལྕམ་ཨང་སང་སུ་ཅི་མཆོག་ལ་རྒྱལ་ཡོངས་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པར་འཚམས་འདྲིའི་གསུང་འཕྲིན་བསྩལ་གནང་མཛད་འདུག། ༧གོང་ས་མཆོག་གིས་ལྕམ་ཨང་སང་སུ་ཅི་མཆོག་ལ་བསྩལ་བའི་གསུངས་འཕྲིན་ནང་། ཁོང་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་དེ་ནི་མི་མང་གི་ངོས་ནས་ཁོང་རྣམས་པའི་རེ་བ་དང་མངོན་འདོད་དེ་དག་ཁོང་གིས་བསྒྲུབ་ཐུབ་པའི་ཡིད་ཆེས་ཞུས་པ་ཞིག་མཚོན་པ་དང༌། འོས་བསྡུ་དེ་ནི་མ་ཡན་མར་གྱི་རྒྱལ་ཁབ་ལོ་རྒྱུས་ནང་གལ་ཆེ་ཡིན་པ་དང་ཡུལ་དེའི་ནང་མང་གཙོ་འཕེལ་རྒྱས་ཡོང་རྒྱུར་འཛམ་གླིང་ཡོངས་ཀྱིས་རྒྱབ་སྐྱོར་དང་མཐུན་སྒྲིལ་གྱི་རྣམ་པ་ཧ་ཅང་ཆེན་པོ་བཏོན་པ་དང་འབྲེལ། ཚོགས་པ་ཚང་མས་མ་ཡན་མར་ནང་ཞི་བདེ་དང་མཐུན་སྒྲིལ་ཡོང་ཐབས་སུ་གོ་སྐབས་ལེན་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཀའ་གནང་འདུག ཡང་༧གོང་ས་མཆོག་ནས་དེ་སྔོན་དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་གནང་སྐབས་ མ་ཡན་མར་ནང་གི་ཁ་ཆེའི་མི་མང་གི་གནད་དོན་ཐེ་བའི་ཡུལ་དེས་གདོང་ལེན་བྱེད་དགོས་པའི་དཀའ་རྙོག་མང་པོ་བཀའ་བསྡུར་གནང་བ་ཁག་ཐུགས་དྲན་གསོས་གནང་སྟེ་༧མགོན་པོ་གང་ཉིད་ལྕམ་ཨང་སང་སུ་ཅི་བཞིན་དུ་ནང་པ་གཅིག་པ་ཡིན་པའི་ཆ་ནས་སྤྱི་ཚོགས་ཀྱི་སྡེ་ཚོགས་ཚང་མར་འབྲེལ་བ་གནང་དགོས་ངེས་ཅན་ཡིན་པ་ཡང་བསྐྱར་འབོད་སྐུལ་མཛད་པ་དང་ཆོས་ལུགས་ཕན་ཚུན་འབྲེལ་ལམ་ཟབ་ཏུ་གཏོང་དགོས་ངེས་ཅན་ཡིན་པ་དང་། དེ་འདྲ་གནང་ཚེ་འཛམ་གླིང་མི་མང་ཡོངས་ཀྱི་གུས་བརྩི་དང་རྒྱབ་སྐྱོར་ཐོབ་རྒྱུ་མ་ཟད་རྒྱལ་ཁབ་གོམ་པ་མདུན་སྤོས་ཆེད་ཀྱི་ལམ་ཚུལ་མཐུན་དང་དངོས་ཡོད་བདེན་པའི་གནས་ཚུལ་དང་མཚུངས་པ་ཡིན་པ་མ་ཟད། དེ་ནི་མ་ཡན་མར་གྱི་ཁེ་ཕན་ཆེད་ཀྱང་ཡིན་པ་༧མགོན་པོ་གང་ཉིད་ལ་ཐུགས་འཚོར་ཡོད་པའི་སྐོར་བཀའ་གནང་འདུག མཐའ་དོན་དུ་༧གོང་ས་མཆོག་ནས་ལྕམ་ཨང་སང་སུ་ཅི་མཆོག་གི་མཛའ་འབྲེལ་ལ་བསྡགས་བརྗོད་མཛད་པ་དང་འབྲེལ་ཁོང་སྐུ་ཁམས་བཟང་ཞིང་ནུས་སྟོབས་ལྡན་ཏེ་འབྱུང་འགྱུར་གྱི་དཀའ་ཚེགས་ལ་གདོང་ལེན་དང་མི་མང་ལ་བདེ་སྐྱིད་བསྒྲུབ་རྒྱུར་ལམ་ལྷོངས་ཡོང་བའི་སྨོན་འདུན་མཛད་གནང་འདུག།
གསར་འགོད་པ་བསོད་ནམས་ལྷ་མོ།