བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་༧ཞབས་སོར་བདེ་བར་འཁོད་སོང་།

2024.06.23
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་༧ཞབས་སོར་བདེ་བར་འཁོད་སོང་།
Photo: RFA

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༣ རེས་གཟའ་ཉི་མའི་སྔ་དྲོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུའི་འཕྲོད་བཞེས་སླད་ཨ་རིར་༧ཞབས་སོར་བདེ་བར་འཁོད་གནང་པ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནིའུ་འཇར་སི་མངའ་སྡེའི་ཊེ་ཊར་བྷོ་རོ་གནམ་ཐང་དུ་ཕྱི་ཟླ་ ༦ ཚེས་ ༢༣ རེས་གཟའ་ཉི་མའི་སྔ་དྲོ་ཕྱག་ཚོད་ ༩ ཡོལ་ཙམ་གྱི་ཐོག་༧ཞབས་སོར་བདེ་བར་འཁོད་ཡོད་ཅིང་།


གདན་ས་ཆེན་པོ་སེ་ར་བྱེས་ཀྱི་མཁན་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་གིས་དབུས་མཁན་བླ་སྤྲུལ་དང་། ཕྱི་ནང་གི་དད་ལྡན་པ་སྟོང་ཕྲག་མང་པོས་ལག་ཏུ་བོད་ཀྱི་རྒྱལ་དར་དང་། བཀྲིས་པའི་རྟེན་འབྲེལ་གྱི་མཇལ་དར་སོགས་བསྣམས་ཤིང་། ཆོས་སྒྲ་དང་བཀྲིས་རོལ་དབྱངས་ཁྲོད་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་ཞུས་གནང་སོང་།

ད་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལོ་ངོ་ ༧ གྱི་རྗེས་སུ་ཆིབས་སྒྱུར་བསྐྱངས་པ་དང་། ལྷག་པར་༧སྐུའི་ཞབས་པུས་ཀྱི་འཕྲོད་བཞེས་སླད་ཆིབས་སྒྱུར་གནང་ཡོད་པས། ཨ་རིའི་ནིའུ་ཡོག་ས་གནས་དང་ཉེ་ཁུལ་གྱི་མངའ་སྡེ་ཁག་ཙམ་གྱིས་མ་ཚད། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནས་མཡེལ་ ༢༤༠༠ ཙམ་གྱི་སར་ཆགས་པའི་ཨ་རིའི་ཝ་ཤིང་ཊོན་མངའ་སྡེའི་སིཡེ་ཊལ་གྲོང་ཁྱེར་སོགས་མངའ་སྡེ་ཐག་རིང་མང་པོ་ནས་ཀྱང་སོག་པོའི་མི་རིགས་སོགས་ཕྱི་ནང་མི་རིགས་མང་པོ་བཅར་ཡོད་ཅིང་། སོག་པོའི་མི་རིགས་ཡིན་པ་དོན་ལྡན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་ཆིབས་སྒྱུར་སྐབས་ཕེབས་བསུ་ཞུ་རྒྱུ་ཁོ་ནའི་ཆེད་ཁོང་གི་ནང་མི་དང་མཐུན་གྲོགས་མང་པོ་བཅར་ཡོད་ཅེས་གསུངས་བྱུང་།
བོད་ནང་ནས་ཐུགས་སྨོན་གནང་བཞིན་པ།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནང་ནས་གནས་ཚུལ་འགྲེལ་བརྗོད་པ་ཁག་ཅིག་གིས་གསུངས་ན། བོད་ནང་དེ་རིང་སྔ་དྲོ་བསང་གསོལ་བྱས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཞབས་པུས་ཀྱི་འཕྲོད་བཞེས་གང་ལེགས་འབྱུང་བའི་སྨོན་ལམ་འདེབས་ཡོད་པ་གསུངས་བྱུང་ལ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ངོ་དེབ་ཐོག་ལ་ཊེ་ཊར་སྦོ་རོ་གནམ་ཐང་ནས་ཐད་ཀར་རྒྱང་བསྲིངས་ཞུས་པའི་སྐབས། བོད་ནང་ནས་བོད་མི་ཁག་ཅིག་གིས་ལྟ་བཞིན་ཡོད་པ་བརྗོད་བྱུང་།

སོག་པོའི་མི་རིགས་ཕེབས་བསུར་བཅར་པ།
དེ་རིང་ཨ་རིའི་ནིའུ་ཡོག་དང་ནིའུ་འཇར་སི་གཉིས་སུ་ཕེབས་སྒུག་ཞུ་མཁན་གྱི་ཁྲོད། བོད་མི་སྟོང་ཕྲག་བརྒལ་བ་བཅར་འདུག་ཅིང་། འདིའི་ཁྲོད་སོག་པོའི་མི་རིགས་ཡིན་པ་སྦུར་ཡཏ་དང་ཁལ་མུག་སོགས་ནས་ཡིན་པ་ཕེབས་འདུག་ལ། བོད་མི་རྒན་རྒོན་ལོ་ན་ ༨༠ བརྒལ་བ་ཡང་ཁག་ཅིག་ཕེབས་འདུག་པས། དེ་དག་ཚང་མས་༧སྐུའི་འཕྲོད་བཞེས་ཡག་པོ་བྱུང་པའི་སྨོན་ལམ་རྒྱབ་ཀྱི་ཡོད་ཅེས་གསུངས་བྱུང་།
སུད་སིར་སྐུ་ངལ་གསོ་བཞུགས་མཛད་པ།


སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་༧ཞབས་སོར་མ་འཁོད་གོང་། སུད་སིར་ཕྱི་ཟླ་ ༦ ཚེས་ ༢༢ ཉིན་གཅིག་རིང་༧སྐུ་ངལ་གསོ་བཞུགས་མཛད་ཡོད་ཅིང་། སུད་སི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་གསུང་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ ༢༠༡༨ ལོར་སུད་སིར་ཆིབས་བསྒྱུར་གནང་བའི་རྗེས་ད་ཐེངས་ཡུལ་དེར་ཞབས་སོར་འཁོད་པ་ཐོག་མ་ཆགས་ཡོད་འདུག་ལ། ད་ཐེངས་༧སྐུའི་༧ཞབས་པུས་འཕྲོད་བཞེས་ཆེད་ཨ་རིར་ཆིབས་སྒྱུར་གནང་བའི་ཕེབས་ལམ་དུ་སུད་སིར་༧ཞབས་སོར་འཁོད་སྐབས། སུད་སིའི་ས་གནས་བོད་མི་ཁོ་ན་ཙམ་མིན་པར་བོད་མི་ཚང་མའི་སེམས་ལ་ཚོར་བ་ཤུགས་ཆེན་པོ་བྱུང་གི་ཡོད་པས། འཇར་མན་ནི་དང་ཧྥི་རན་སི་སོཊ་ཡོ་རོབ་ཡུལ་གྲུ་འདྲ་མིན་ནས་བོད་མི་ཉིས་སྟོང་ནས་སུམ་སྟོང་མ་ཟིན་ཙམ་ཆེད་བཅར་གྱིས་ཕེབས་ལམ་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་དང་ཞལ་མཇལ་ཞུས་ཡོད་པ་རེད།
གསར་འགོད་པ། རབ་སྒང་ཚེ་ཕུན། བསྟན་འཛིན་བདེ་སྐྱིད། ནོར་སྡེ་སྒྲོལ་མ། ཇོ་ལེབ་ཆོས་འཕེལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎