༧གོང་ས་མཆོག་བསམ་གཏན་གླིང་དགོན་པར་ཞབས་སོར་འཁོད་གནང་མཛད་ཡོད་པ།
2018.07.14

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ལ་དྭགས་ནང་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༡༤ ཉིན་མགོན་པོ་གང་ཉིད་ཁུལ་དེའི་བདེ་སྐྱིད་དགོན་པ་ནས་སུ་མུར་ས་ཁུལ་དུ་ཆགས་པའི་བསམ་གཏན་གླིང་དགོན་པར་ཆིབས་ཞལ་བསྒྱུར་ཡོད་འདུག བསམ་གཏན་གླིང་དགོན་པ་ནི་བདེ་སྐྱིད་དགོན་པའི་ཉེ་འདབ་སུ་ཆགས་ཡོད་པ་དང་དགོན་པ་དེ་ནུབ་ར་རྒྱུགས་ཆུའི་ཉེ་འདབ་རི་ཞིག་གི་སྟེང་ཆགས་ཡོད་པ་མ་ཟད། དེ་བདེ་སྐྱིད་དགོན་པ་ནས་གཟིགས་ཐུབ་ཀྱི་ཡོད་འདུག ༸གོང་ས་མཆོག་བསམ་གཏན་གླིང་དགོན་པར་ཕེབས་སྐབས་ལམ་བར་ལ་དྭགས་ཀྱི་ཡུལ་མི་ཚོས་མེ་ཏོག་བདུག་སྤོས་དང་མཇལ་དར་སོགས་བསྣམས་ནས་དགའ་དད་སྤྲོ་གསུམ་གྱི་ངང་ནས་དགའ་བསུ་ཞུས་གནང་ཡོད་པ་དེའི་ཁོངས་ས་གནས་ཀྱི་ནང་པ་ཙམ་མ་ཟད་ཁ་ཆེའི་ཡུལ་མི་ཡང་ཡོད་འདུག བསམ་གཏན་གླིང་དགོན་པར་༸གོང་ས་མཆོག་གི་གཟིམ་ཆུང་གི་རྒྱལ་སྒོར་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་དང་བསམ་གཏན་གླིང་དགོན་པ་ཕྱག་བཏབ་གནང་མཁན་གྱི་ཡང་སྲིད་ཚུལ་ཁྲིམས་ཉི་མ་རྣམ་གཉིས་ཀྱིས་ཕེབས་བསུ་ཞུས་ཡོད་འདུག ༸གོང་ས་མཆོག་བསམ་གཏན་གླིང་དགོན་པར་ཕེབས་བསུའི་མཛད་སྒོར་གང་ཉིད་དགུང་ནའི་བབས་ཀྱིས་མཚམས་རེ་སྐུ་ཐང་ཆད་གནང་གི་ཡོད་ནའང་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་གིས་གང་ཉིད་གདན་འདྲེན་ཞུས་པར་ཁས་ལེན་འདོར་གནང་ན་འགྲིག་གི་མེད་པའི་སྐོར་དང་རི་རྫོང་རིན་པོ་མཆོག་གི་སྐུ་མདུན་ནས་གསུང་ཆོས་ཀྱང་མང་པོ་གསན་བཞེས་གནང་བའི་སྐོར་བཀའ་གནང་ཡོད་འདུག ཡང་སྐབས་དེར་༸གོང་ས་མཆོག་གིས་གང་ཉིད་བོད་ནང་བསླབ་པ་སློབ་གཉེར་གནང་སྐབས་བོད་ཀྱི་གདན་ས་ཁག་གི་བསླབ་པ་སློབ་གཉེར་ཀྱི་གནས་ཚད་དེ་ཧ་ཅང་གི་མཐོ་པོོ་ཡོད་པའི་སྐོར་དང་སོག་པོའི་དགེ་བཤེས་དངོས་གྲུབ་མཚོ་ཉིད་ལགས་ཀྱིས་གང་ཉིད་དབུ་མའི་ཕྱག་དཔེ་སློབ་གནང་རྒྱུར་བསྐུལ་ལྕག་འཐེབ་གནང་བའི་སྐོར་བཀའ་གནང་ཡོད་འདུག
དེ་བཞིན་༸གོང་ས་མཆོག་གིས་མ་འོངས་པར་བོད་མི་རྣམས་བོད་ནང་གཞིས་བྱེས་མཉམ་འཛོམས་བྱུང་སྐབས་བོད་མི་རྣམས་ཀྱི་སླབ་པ་སློབ་གཉེར་གྱི་གནས་ཚད་དེ་དེ་བས་མཐོ་བ་
ཡོང་གི་ཡོད་པའི་སྐོར་ཡང་བཀའ་གནང་ཡོད་འདུག ཕྱི་ཚེས་ ༡༥ ཉིན་༸གོང་
ས་མཆོག་གིས་བསམ་གཏན་གླིང་དགོན་པར་འཚོགས་གནང་རྒྱུའི་ལ་དྭགས་ཀྱི་དབྱར་ཆོས་ཆེན་མོའི་ཚོགས་དགོན་དུ་ཞབས་ལྕག་གནང་རྒྱུའི་མཛད་འཆར་ཡོད་པའི་གནས་ཚུལ་ཐོན་འདུག
གསར་འགོད་པ་ལྷུན་གྲུབ་ཚེ་རིང༌།