སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་དང་འབྲེལ་བའི་ལས་གཞི་གལ་ཆེན་ཁག་གཅིག་སྤེལ་འཆར་ཡོད་སྐོར་གསུངས་པ།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་བཞི་པ་སྟེ། ཟླ་ ༣ ཚེས་ ༢༠ ཉིན་གྱི་སྔ་དྲོར། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༥ དང་ ༢༦ ལོའི་ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་དང་འབྲེལ་བའི་གྲོས་ཚོགས་ལས་རིམ་ནང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་སྲུང་བརྩི་ཞུ་ཕྱོགས་ཀྱི་ཐོག་གླེང་སློང་བརྒྱུད་བོད་མི་མང་སྤྱི་འཐུས་ཁག་ཅིག་ནས་དགོངས་འཆར་ཕེབས་ཡོད་ཅིང་། དེའི་ཐོག་བོད་མི་མང་སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་ཀྱིས། འདི་ལོའི་གོ་སྟོན་དེ་བཞིན་རྒྱུན་ལྡན་དང་མི་འདྲ་བར།སྐུའི་འཁྲུངས་སྐར་སྐབས་རྒྱ་གར་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཆབ་སྲིད་ཀྱི་བརྡ་ལན་གལ་ཆེན་པོ་ཞིག་སྤྲོད་ཐུབ་ཆེད་རྒྱ་གར་གྱི་སྲིད་བློན་མཆོག་ལ་མགྲོན་ཤོག་བཏང་དགོས་གལ་ཆེ་བ་ཡིན་སྐོར་གསུངས་འདུག་ལ། བྱང་ཨ་མི་རི་ཀའི་སྤྱི་འཐུས་དོན་འགྲུབ་ཚེ་རིང་ལགས་ཀྱིས་ཀྱང་། སྤྱིར་བཏང་གོ་སྟོན་སྲུང་བརྩི་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཕེབས་ཟིན་ཡང་། གོ་སྟོན་སྲུང་བརྩི་བྱེད་ཕྱོགས་ཀྱི་ཐད་བཀའ་སློབ་གང་ཡང་ཕེབས་མེད་པས། གོ་སྟོན་དང་སྟབས་མཚུངས་ཀྱི་གྲོས་ཆོད་འཇོག་ཐབས་གནང་དགོས་པ་གལ་ཆེན་ཡིན་པ་གསལ་སྟོན་གནང་གི་འདུག
དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། བཀའ་དྲུང་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་གཙོ་སྐྱོང་གནང་ཐོག་ལྷན་ཁང་སོ་སོའི་འཐུས་ཚབ་མཉམ་ཞུགས་ཀྱིས། སྐུའི་གོ་སྟོན་གོ་སྒྲིག་ཚོགས་ཆུང་ཞིག་བཙུགས་ཡོད་པ་བཞིན། ལྷན་ཁང་སོ་སོའི་ཁྱབ་ཁོངས་ཀྱི་དོན་གཅོད་ཁག་དང་ས་གནས་འདྲ་མིན། སློབ་གྲྭ་ཁག དགོན་སྡེ་ཁག་བཅས་ཀྱིས་སོ་སོའི་གོ་སྟོན་སྲུང་བརྩི་དང་འབྲེལ་བའི་ལས་གཞི་རྣམས། དབུས་རྡ་རམ་ས་ལའི་གོ་སྒྲིག་ཚོགས་ཆུང་ལ་སྙན་གསེང་ཞུ་དགོས་པ་དང་། དབུས་ནས་འགན་ཆེད་བཞེས་གནང་སྟེ་སྤྱི་པའི་དྲ་རྒྱ་ཞིག་གསར་བཟོ་བྱས་ཏེ་གོ་སྟོན་གྱི་ལས་གཞི་དང་འབྲེལ་བའི་གནས་ཚུལ་ཆ་ཚང་གསར་འཇུག་གིས། གཙོ་བོ་རྒྱལ་ཁབ་དང་ས་གནས་སོ་སོར་ལོ་འཁོར་མོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་རྣམས་ཁྱབ་སྤེལ་གང་ཐུབ་གནང་འཆར་དང་། དོན་གཅོད་ལས་ཁུངས་ཁག་ལ་རྒྱལ་ཁབ་སོ་སོའི་ནང་གོ་སྟོན་ཚོགས་ཆུང་རེ་བཙུགས་ཏེ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་མཉམ་རུབ་ཀྱིས་དབུས་ནས་ཕྱི་འབྲེལ་ལས་ཁུངས་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་རྣམས་འགྲེམས་སྟོན་ཁང་ནས་པར་རིས་ཐོག་མཇལ་རྒྱུ་ཡོད་པ་དང་། བརྙན་ལམ་ནས་རིན་མེད་ཐོག་འགྲེམས་སྟོན་བྱ་འཆར་ཡོད་སྐོར་ངོ་སྤྲོད་གནང་བ་དང་སྦྲགས། ལས་གཞི་དེ་དག་སྤེལ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ཆབ་སྲིད་མི་སྣ་གནད་ཡོད་སོགས་ལ་སྙོབས་ཐུབ་རྒྱུའི་རེ་བ་དང་། ཆབ་སྲིད་དྲིལ་བསྒྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་ཤེས་པའི་བརྒྱུད། རང་བཞིན་གྱིས་བོད་དོན་ཐོག་དོ་སྣང་སླེབས་ཐུབ་ཐབས་གནང་འཆར་ཡོད་པ་གསལ་སྟོན་གནང་གི་འདུག
འདི་ལོར་དམིགས་བསལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་དགུ་བཅུར་ཕེབས་པའི་གོ་སྟོན་གྱི་སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་སོ་སོའི་ཐོག་ནས་སྔོན་རྩིས་གང་འཚམ་ཞིག་ཕེབས་པའི་ཐད། ཧིན་སྒོར་ས་ཡ་བརྒྱ་ལྷག་གི་སྔོན་རྩིས་འཆར་འབུལ་གྲོས་ཚོགས་སུ་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།