༸གོང་ས་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་སྐོར་གསུང་བཤད།
2012.04.21
༄༅༎༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ གུང་ཁྲན་གྱི་འགོ་ཁྲིད་ཁྲོད་གུ་ཡངས་ཀྱི་སྲིད་བྱུས་འཛིན་མཁན་ཚོར་ད་ལྟའི་ཆར་དབང་ཆ་ཏོག་ཙམ་ཆེ་བ་ཡོང་གི་ཡོད་པ་ལྟ་བུ་འདུག་ཅེས་བཀའ་བསྩལ་འདུག
དེ་ཡང་ཕྱི་ཟླ་བཞི་པའི་ཚེས་༢༠ཉིན་གོང་ས་མཆོག་ཨ་རིའི་ལོང་སྦིཆ་ཁུལ་དུ་ཆིབས་བསྒྱུར་བསྐྱངས་སྐབས། ཨོ་རེན་ཇེ་གྲོང་སྡེའི་སྤྱི་ཁྱབ་སྐུ་ཞབས་སྦོབ་ཕོསི་ཀྲར་དང་མཇལ་འཕྲད་ཀྱིས་གསར་འགོད་ལྷན་ཚོགས་སུ་ཆིབས་བསྒྱུར་བསྐྱངས་ཏེ། གསར་འགོད་པའི་དྲི་བར་བཀའ་ལན་གནང་བའི་སྐབས། ཉེ་ལམ་རྒྱ་ནག་གཞུང་གིས་ཁ་བྲལ་བ་ཉུང་ཤས་ཤིག་ལ་དམག་འཐབ་བྱ་རྒྱུ་ཡིན་སྐོར་ཀྱང་བརྗོད་ཡོད་ཅིང༌། གལ་ཏེ་རྒྱ་ནག་གཞུང་གིས་བཤད་པ་ལྟར་ཁ་བྲལ་བ་ཉུང་ཤས་ཤིག་ལས་མེད་པ་བདེན་པ་ཡིན་ན། དམག་རྒྱག་དགོས་དོན་ཅི་ཡོད་ཅེས་དང༌། ཕྱི་ལོ་༡༩༥༠ནས་བཟུང་ད་བར་བོད་ནང་གི་བོད་མི་ཚོས་དཀའ་སྡུག་མང་པོ་མྱངས་ཡོད་པ་དང༌། བོད་མི་ཚོར་རང་གི་ཐུན་མིན་སྐད་དང་རིག་གཞུང་ཐུན་མིན་ཞིག་ཡོད་པར་བརྟེན། བོད་མི་རིགས་ཀྱི་ལ་རྒྱ་རང་བཞིན་གྱི་ཡོང་གི་ཡོད་ཅེས་གསུངས་འདུག
ཡང་གོང་ས་མཆོག་ནས། སྟབས་ལེགས་པ་ཞིག་ལ་རྒྱ་ནག་གི་སྲིད་བློན་དབུན་ཅའ་བའོ་ཡིས་རྒྱ་ནག་ནང་ཆབ་སྲིད་བཅོས་བསྒྱུར་གཏོང་རྒྱུའི་སྐོར་གསར་འགོད་ལྷན་ཚོགས་སུ་གཏམ་བཤད་ཡང་ཡང་བྱས་ཡོད་པ་མ་ཟད། དེང་སང་དམར་པོའི་འགོ་ཁྲིད་མཁྲེགས་འཛིན་པ་བོའོ་ཤིའི་ལའེ་གོ་གནས་ནས་གནས་དབྱུངས་བཏང་བ་སོགས་གཅིག་བྱས་ན། གུང་ཁྲན་གྱི་འགོ་ཁྲིད་ཁྲོད་ གུ་ཡངས་ཀྱི་སྲིད་བྱུས་འཛིན་མཁན་ཚོར་ད་ལྟའི་ཆར་དབང་ཆ་ཏོག་ཙམ་ཆེ་བ་ཡོང་གི་ཡོད་པ་ལྟ་བུ་འདུག་ཅེས་བཀའ་གནང་འདུག།