ནང་ཆོས་ངོ་སྤྲོད་ཐེངས་བདུན་པ།
2013.06.27

༄༅། །འདས་པའི་ལོ་ཤས་ནས་བཟུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་ཆེད་དུ་དམིགས་པའི་ནང་ཆོས་ངོ་སྤྲོད་ཀྱི་ཆོས་འབྲེལ་གནང་བཞིན་ཡོད་པ་ལྟར། ནང་ཆོས་ངོ་སྤྲོད་ཀྱི་མཛད་རིམ་ཐེངས་བདུན་པ་དེ་བཞིན། དེ་རིང་ཚེས་༢༧ཉིན་དྷ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་དྷ་སྟེང་བོད་ཁྱིམ་སློབ་གྲྭ་གཉིས་ཀྱི་གོ་སྒྲིག་ཐོག དྒ་སྟེང་བོད་ཁྱིམ་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད་པ་རེད། ཉིན་གྲངས་གཉིས་རིང་གི་ཆོས་འབྲེལ་དེའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གཙོ་བོ་ ལེགས་བཤད་བློ་གསར་མིག་འབྱེད་གྱི་ཆོས་འབྲེལ་མཛད་ཀྱི་ཡོད་པ་རེད།
དེ་རིང་ཆོས་འབྲེལ་གྱི་ཉིན་དང་པོའི་ཐོག ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་སློབ་མ་ཁག་གཅིག་གིས་༸གོང་ས་མཆོག་ལ་ཕར་ཕྱིན་རྟགས་གསལ་གཟིགས་འབུལ་ཞུས་པ་དང་། དཔལ་ལྡན་རྣམ་རྒྱལ་གྲྭ་ཚང་གི་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་རྩོམ་སྒྲིག་གནང་བའི། ༼ཕོ་བྲང་པོ་ཏ་ལའི་དཀར་ཆགས་རྒྱས་པ་བོད་ཡུལ་རྒྱན་གཅིག ༽ཅེས་པའི་དཔེ་དེབ་དེ་བཞིན་༸གོང་ས་མཆོག་ནས་དབུ་འབྱེད་མཛད་འདུག ད་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔོན་འགྲོའི་ནང་ཆོས་ངོ་སྤྲོད་མཛད་པའི་ནང་། ཕྱི་དངོས་པོ་ཁོ་ནས་མིའི་བདེ་སྐྱིད་བསྐྲུན་མི་ཐུབ་པར་བརྟེན། བྱམས་བརྩེ་དང་བཟོད་བསྲན་སོགས་ནང་གི་བསམ་བློའི་རིན་ཐང་དེ་དག་གོང་མཐོར་གཏོང་བའི་བརྒྱུད། སེམས་ནང་བདེ་སྐྱིད་བསྐྲུན་ཐབས་ལ་འབད་བརྩོན་བྱེད་དགོས་པ་དང་། དེ་ཡང་ཆོས་དང་མ་འབྲེལ་བའི་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་འཕེལ་གཏོང་དགོས་པའི་ལམ་སྟོན་གནང་འདུག དེ་ནས་ལེགས་བཤད་བློ་གསར་མིག་འབྱེད་དཔེ་ཁྲིད་དབུ་འཛུགས་གྲུབ་རྗེས་ སློབ་མ་ཁག་ཅིག་གི་དྲི་བར་ཡང་བཀའ་ལན་མཛད་ཡོད་པ་རེད། ཐེངས་འདིའི་ནང་ཆོས་ངོ་སྤྲོད་ཀྱི་མཛད་རིམ་སྐབས་ཚོགས་བཅར་ཞུ་མཁན་ཁོངས་སུ་རྒྱ་གར་ནང་གི་མཐོ་སློབ་ཁག་ ༥༩ དང་ཕྱིའི་རྒྱལ་ཁབ་༦ ནས་མཐོ་སློབ་ཁག་ ༡༡ བཅས་ཁྱོན་མཐོ་སློབ་ཁག་ ༧༠ ནས་སློབ་ཕྲུག་ ༥༥༠ དང་། བོད་ཁྱིམ་སློབ་གྲྭ་ཁག་ནས་སློབ་ཕྲུག་གྲངས་ ༡༡༢༡ དང་ཤེས་རབ་དགའ་ཚལ་སློབ་གླིང་ནས་སློབ་མ་གྲངས་ ༢༤༥ དང་། དྷ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ནས་སློབ་མ་གྲངས་ ༩༤ གཞན་ཡང་ནང་ཆོས་དོན་གཉེར་བའི་གཞོན་སྐྱེས་དང་མི་མང་བཅས་ཁྱོན་བསྡོམས་མི་གྲངས་ ༢༦༠༠ བརྒལ་བ་བཅར་ཡོད་འདུག།