༧གོང་ས་མཆོག་གིས་ཚན་རིག་པ་དང་ལྷན་བགྲོ་གླེང་།
2012.05.24
༄༅༎དེ་རིང་་ཚེས་༢༤ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན་ ཕྱི་ཚེས་༢༢ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊ་ལི་ཡི་ཏིརི་སིཏ་ས་ཁུལ་གྱི་གྲོང་ཁྱེར་ཨུ་ཌའེན་དུ་ཀླད་ཁམས་དང་སེམས་ཁམས་རིག་པའི་ཚན་རིག་པ་སྐུ་ཞ་བས་ཕེརེང་ཀོ་ཕབ་སྦོརོ་ལགས་དང་ དེ་བཞིན་ལྟ་གྲུབ་སྨྲ་བ་སྐུ་ཞབས་ལྦི་ཏོ་མེན་ཀུ་སོའོ་བཅས་དང་ལྷན་འཚེ་བའི་ལས་ལ་བྱམས་བརྩེ་དང་ འཚེ་བ་མེད་པའི་ལམ་ནས་གཉེན་་པོ་བསྟེན་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་ཡོད་པ་རེད་ བགྲོ་གླེང་ཐོག་༸གོང་ས་མཆོག་གིས་འཚེ་བ་ཡིན་མིན་དེ་གཙོ་བོ་ནང་སེམས་ཀྱི་ཀུན་སློང་ལ་རག་ལུས་པའི་སྐོར་བཀའ་བསྩལ་གནང་བཞག དེ་ཡང་༸གོང་ས་མཆོག་གིས་གཞན་སླུ་བྲིད་་དང་གནོད་སེམས་ཀྱི་ཀུན་སློང་འཆང་བཞིན་དུ་ ངག་ནས་ཚིག་སྙན་པོ་དང་རྣམ་འགྱུར་ཡག་པོ་ཇི་འདྲ་ཞིག་བསྟེན་ཡང་ འཚེ་བའི་ལས་ཆགས་ཡོད་པ་དང་ དེ་ལས་ལྡོག་སྟེ་སྨན་པས་ནད་པར་གཤག་བཅོས་བྱེད་སྐབས་ནད་པའི་ལུས་ནས་ཤ་གཅོད་འབྲེག་བྱེད་བཞིན་ཡོད་ཀྱང་ ཕན་སེམས་ཀྱིས་ཀུན་སློང་ནས་ཡིན་པར་བརྟེན་འཚེ་བའི་ལས་ཆགས་མེད་ཅེས་གསལ་འདོན་གནང་བཞག
༸གོང་ས་མཆོག་གིས་ལོ་ངོ་ ༤༠ ཙམ་རིང་ ཀླད་པའི་རྣམ་གཞག་ཐོག་ཐུགས་སྣང་ཧ་ཅང་མཛད་ཡོད་པ་མ་ཟད་འདས་པའི་ལོ་ངོ་ ༣༠ ཙམ་གྱི་རིང་ཚན་རིག་པ་དང་དངོས་སུ་མཉམ་རུབ་མཛད་ཅིང་ དཔེར་ན་ཉེ་ལམ་མགོན་པོ་གང་ཉིད་མཆོག་གིས་དགའ་སྐྱོའི་གནས་སྐབས་ཀྱི་ཚོར་བ་གཉིས་སྤྱིར་ལྡོག་ཕྱོགས་ཡིན་ནའང་མིག་ནས་མཆི་མ་ཐོན་པ་དེར་མི་འདྲ་བའི་ཁྱད་པར་གང་ཡང་མེད་པ་སོགས་ཀྱི་རྣམ་གཞག་ཐད་ ཚན་རིག་པས་བརྟག་དཔྱད་ཀྱི་ལམ་ནས་ ཡིད་དབང་གཉིས་ཀྱི་མྱོང་ཚུལ་ལ་ ཁྱད་པར་ཇི་ཡོད་ཤེས་ཐབས་དགོས་པའི་ལམ་སྟོན་མཛད་པ་དང་ དེ་བཞིན་ཆོས་ཉམས་ལེན་པ་ཁག་ཅིག་སྨན་པས་འཆི་བར་ངོས་འཛིན་བྱས་པའི་རྗེས་སུའང་རྣམ་ཤེས་ཕྲ་མོ་མ་འགག་བར་ཐུན་མཚམས་ལ་ཞུགས་རྒྱུའི་གནད་དོན་དེར་ཚན་རིག་པས་དཔྱད་པ་བྱ་དགོས་པ་སོགས་ལམ་སྟོན་མཛད་ཡོད་པ་རེད་༎