ཨི་ཊཱ་ལིའི་གྲོང་ཁྱེར་མི་ལཱན་ནང་སྤྱན་རས་གཟིགས་ཀྱི་དབང་ཆེན་བསྩལ་བ།
2016.10.22

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་ཨི་ཊཱ་ལིིའི་གྲོང་ཁྱེར་མི་ལཱན་གྱི་ནང་སྤྱན་རས་གཟིགས་ཀྱི་དབང་ཆེན་སྩལ་གནང་མཛད་ཡོད་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་རབ་སྙིང་པོའི་ནང་སངས་རྒྱས་ཀྱིས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ལ་བརྟེན་ནས་བླ་ན་མེད་པའི་ཡང་དག་པའི་རྫོགས་པའི་བྱང་ཆུབ་ཀྱི་མངོན་པར་རྫོགས་པ་སངས་རྒྱས་སོ་ཞེས་གསུངས་པའི་སངས་རྒྱས་ཀྱི་གོ་འཕངས་འདི་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་འདོད་ཀྱི་བྱང་ཆུབ་དོན་གཉེར་གྱི་འདུན་པས་དྲངས་ཤིང་། ལམ་ཐབས་ཤེས་གཉིས་ཀྱི་ཉམས་ལེན་ལ་བརྟེན་ནས་རང་དོན་ཆོས་སྐུ་དམ་པ་དང་གཞན་དོན་གཟུགས་སྐུ་དམ་པ་སྟེ་འབྲས་བུ་སྐུ་གཉིས་ཐོབ་དགོས་པ་བཀའ་གནང་ཡོད་པ་རེད།
སྔ་དྲོ་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་གནང་གྲུབ་རྗེས་ཉིན་རྒྱབ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བདེ་སྐྱིད་ཀྱི་འབྱུང་ཁུངས་ཞེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད། འདི་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐེངས་འདིའི་ཡོ་རོབ་ཡུལ་གྲུ་ཁག་གི་ཆིབས་བསྒྱུར་གྱི་མཛད་འཆར་མཐའ་མ་དེ་ཡིན་པ་རེད།།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།