༧གོང་ས་མཆོག་གིས་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུའི་ཐུགས་སྨོན་གནང་གི་ཡོད་ཅེས་བཀའ་གནང་བ།


2018.12.31
༧གོང་ས་མཆོག་གིས་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུའི་ཐུགས་སྨོན་གནང་གི་ཡོད་ཅེས་བཀའ་གནང་བ། ༧གོང་ས་མཆོག་གིས་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུའི་ཐུགས་སྨོན་གནང་གི་ཡོད་ཅེས་བཀའ་གནང་བ།
དགའ་ལྡན་ཕོ་བྲང་།

ད་རིང་ཕྱི་ཟླ་༡༢ཚེས་༣༡ཉིན་གནས་མཆོག་རྡོ་རྗེ་གདན་དུ་དབུས་བོད་མིའི་སྒྲིག་འཛུགས་དང་། རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་། ཤེལ་དཀར་མངའ་ཞབས་སེར་སྐྱ་མང་ཚོགས་བཅས་ཐུན་མོང་ནས་ཆོས་ཕྱོགས་ཀྱི་སྲོལ་རྒྱུན་ལྟར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་འདེགས་འབུལ་ཞུས་ཡོད་པ་དང་། བརྟན་བཞུགས་མ་ཕུལ་གོང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བསྩལ་སྐབས་དེ་རིང་འདིར་བརྟན་བཞུགས་ཀྱི་ཐོག་ལ་བོད་སྐྱོང་ལྷ་སྲུང་གནས་ཆུང་དང་བརྟན་མ། ཐང་ལྷ། སྐབས་རེར་རྨ་ཆེན་སྦོམ་ར་ཡོང་གི་ཡོད་པ་རེད། ཁོ་ཚོ་ཁ་ཤས་ཤིག་སྤྱན་འདྲེན་བཏང་ཡོད། གང་ལྟར་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། འགྲོ་བའི་བདེ་སྐྱིད། ཡང་སྒོས་བོད་གངས་ཅན་གྱི་བསྟན་པ་དང་འགྲོ་བའི་དོན་དུ་ད་ལྟ་སྲུང་ཞིང་སྐྱོང་བའི་ཆོས་སྐྱོང་འདི་དག་དང་། ལྷག་པར་དུ་གནས་ཆུང་ཆོས་སྐྱོང་ནི་རྒྱལ་བ་དགེ་འདུན་རྒྱ་མཚོ་དང་། ༧གོང་ས་ལྔ་པ་ཆེན་པོའི་སྐབས་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་ཡིན་ཞེས་དང་། ཡང་བརྟན་བཞུགས་ཀྱི་སྐོར་དང་འབྲེལ་བའི་ཐད་བཀའ་སློབ་གནང་སྐབས་བོད་གཞིས་བྱེས་གཉིས་སུ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་སྨོན་ལམ་རྒྱག་མཁན་ས་ཡ་མང་པོ་ཞིག་ཡོད་པས། དེ་རིང་དེ་དག་གི་ཚབ་བྱས་ཏེ་འདིར་བརྟན་བཞུགས་གནང་གི་ཡོད་པ་རེད། ངོས་ལ་ཆགས་བཞག་ནའང་ལས་དང་སྨོན་ལམ་གྱི་འབྲེལ་བ་དམིགས་བསལ་ཡོད་པ་ཞིག་ཆགས་ཀྱི་ཡོད། མཐོང་ཆོས་སུའང་གཉན་འཕྲེང་གི་དུས་ཚོད་ཅིག་ལ་རང་ཉིད་ཀྱི་ངོས་ནས་ཀྱང་བོད་གངས་ཅན་ལྗོངས་ཀྱི་བསྟན་སྲིད་ཀྱི་ཞབས་འདེགས་གང་ལ་གང་འཚམས་སྒྲུབ་ཡོད་པ་རེད། ད་དུང་ཡང་གཟུགས་པོ་བདེ་བོ་འདུག ཀླད་པ་ནི་གྲུང་ཐག་ཆོད་ཡོད། དེར་བརྟེན། མུ་མཐུད་ལོ་བརྒྱ་ཕྲག་འཚོ་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད་ལ་ཁྱོད་རང་ཚོ་ཚང་མས་སྨོན་ལམ་སྐྱོན། ཁྱོད་རང་ཚོ་བོད་ནས་ཡོང་བ་ཁ་ཤས་ཡོད་པ་འདྲ། ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་པ་བོད་གངས་ཅན་ལྗོངས་དང་ཆོས་རྒྱུད་གཅིག་པ་ཡིན་པའི་སྐྱ་སེར་མང་པོ་ཞིག་སླེབས་ཡོད་པ་རེད། ཁྱོད་རང་ཚོ་ཚང་མས་སྨོན་ལམ་ཡག་པོ་རྒྱོབ། བློ་བདེ་བོ་བྱས་ནས་བཞུགས་ཞེས་བཀའ་སློབ་བསྩལ་གནང་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བཀོད་གནང་པ་ནས་བཟུང་ཆོས་འབྲེལ་དང་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས། བགྲོ་གླེང་ཚོགས་འདུ་བཅས་སུ་ཆིབས་བསྒྱུར་གནང་བ་སོགས་མཛད་འཕྲིན་དུ་མ་ཞིག་བསྐྱངས་གནང་ཡོད་པ་རེད་ལ། གསུང་ཆོས་སྐབས་རྒྱལ་ཁབ་བདུན་ཅུ་ལྷག་ནས་མི་མང་ཁྲི་ཕྲག་མང་པོ་བཅར་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎