༸གོང་ས་མཆོག་ནས་མཆོད་རྟེན་རིན་པོ་ཆེར་གནས་གཟིགས།
2018.01.02
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཉིན་གྲངས་གསུམ་ཙམ་རིང་མཛད་འཕྲིན་བསྐྱངས་གནང་གྲུབ་ཏེ་ཕྱི་ཚེས་༡ཉིན་རྒྱབ་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད།
ད་རིང་ཚེས་༢སྔ་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བྱང་ཆུབ་མཆོད་རྟེན་རིན་པོ་ཆེར་གནས་གཟིགས་ཕེབས་པའི་སྐབས། ཕྱི་ནང་གི་དད་ལྡན་པ་བརྒྱ་ཕྲག་འགའ་ཤས་ནས་ཕེབས་བསུ་དང་རྒྱང་མཇལ་ཞུས་པ་དང་། ལྷག་པར་དུ་མཆོད་རྟེན་རིན་པོ་ཆེའི་གཟིམས་སྒོའི་མདུན་དུ་དཔལ་ས་སྐྱའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་གཞོན་པ་ Avikrita Vajra རིན་པོ་ཆེ་རྣམ་གཉིས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་དང་མཆོད་རྟེན་རིན་པོ་ཆེའི་དྲུང་དུ་ཐུགས་སྨོན་གསོལ་འདེབས་ཀྱང་གནང་ཡོད་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་བཞུགས་རྒྱུན་རིང་མཛད་འཆར་ཁོངས་སུ། རྒྱ་གར་གྱི་ནང་པའི་མཐུན་ཚོགས་ཞིག་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་། འདི་ཚེས་ལྔ་ནས་བདུན་བར་ཉིན་གྲངས་གསུམ་རིང་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ་དང་། རྟེན་འབྲེལ་སྤྱི་མདོ་གཉིས་ཀྱི་བཀའ་ཁྲིད་གནང་རྒྱུ་ཡིན་པ་དང་། དེ་ནས་ཚེས་བཅུ་བཞི་ནས་བཅུ་དྲུག་བར་དཔལ་མགོན་འཕགས་པ་ཀླུ་གྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོག་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་འཁྲིད། དེ་བཞིན་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་གནང་རྒྱུ་བཅས་ཀྱི་ཆོས་འབྲེལ་དང་། དེ་ནས་ཚེས་བཅུ་དྲུག་ཉིན་རྒྱབ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་འདེགས་འབུལ་ཞུ་འཆར་བཅས་ཀྱི་མཛད་འཆར་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདིའི་གནས་མཆོག་རྡོ་རྗེ་གདན་དུ་བཞུགས་ཡུན་རིང་པོ་ཡིན་པ་དང་། སྐུའི་ཉེན་སྲུང་ཆེད་རྒྱ་གར་དབུས་ས་གཉིས་ནས་སྲུང་བྱའི་གོ་སྒྲིག་ཧ་ཅང་ནན་པོ་ཞུ་ཡི་ཡོད་པ་ལྟར་། ད་རེས་སྦི་ཧར་མངའ་སྡེའི་གཞུང་ནས་ཀྱང་ཉེན་སྲུང་དམག་མི་༣༠༠ ལྷག་ཙམ་ས་གནས་གང་སར་འགྲེམས་འཇོག་བྱེད་པས་མ་ཟད་འཕྲལ་སེལ་ཉེན་རྟོག་ལས་ཁུངས་ཉི་ཤུ་ཙམ་ཆེད་བཙུགས་ཞུས་ཡོད་པ་སོགས་གང་ས་ཅིའི་ཐད་ནས་སྐུ་ཕྱྭའི་ཐོག་དོ་ནན་པོ་ཞུ་བཞིན་ཡོད་ལུགས་གྲོང་ཁྱེར་གྷ་ཡའི་རྫོང་དཔོན་ལས་ཁུངས་ནས་གསུངས་ཡོད་འདུག།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།