༸གོང་ས་མཆོག་གིས། གོ་མཚོན་དང་དམག་ཤུགས་ཆེ་རུ་བཏང་བའི་དུས་ཚིགས་དེ་ད་ཆ་ཡལ་ཟིན་པ་རེད་ཅེས་གཞོན་སྐྱེས་འགོ་ཁྲིད་ཁག་ཅིག་ལ་བཀའ་སྩལ་བ།

2022.10.18
༸གོང་ས་མཆོག་གིས། གོ་མཚོན་དང་དམག་ཤུགས་ཆེ་རུ་བཏང་བའི་དུས་ཚིགས་དེ་ད་ཆ་ཡལ་ཟིན་པ་རེད་ཅེས་གཞོན་སྐྱེས་འགོ་ཁྲིད་ཁག་ཅིག་ལ་བཀའ་སྩལ་བ། ༸གོང་ས་མཆོག་གིས་གཞོན་སྐྱེས་འགོ་ཁྲིད་རྣམས་དང་ལྷན་དུ་བགྲོ་གླེང་གནང་བཞིན་པ། ༢༠༢༢།༡༠།༡༨
OHHDL

ཨ་མི་རི་ཀའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་Richard Davidson ལགས་དང་། སེམས་ཁམས་ཚན་རིག་པ་གྲགས་ཅན་སྐུ་ཞབས་Daniel Goleman ལགས་དང་ཁོང་གི་སྐུ་ཟླ་ལྕམ་Tara Goleman ལགས་བཅས་གསུམ་གྱིས་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ལོ་༢༠༢༢ ལོའི་སྤྱི་ཟླ་༡༠་ཚེས་༡༨ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་དཀྱིལ་ཤར་ཨེ་ཤེ་ཡ་དང་། ཨེ་ཤེ་ཡ། ཨ་ཕྷི་རི་ཀ། ཡུ་རོབ། ཨ་མི་རི་ཀ་སོགས་འཛམ་གླིང་ས་ཕྱོགས་གང་སར་ནས་ཕེབས་པའི་གཞོན་སྐྱེས་འགོ་ཁྲིད་ཚོ་དང་ལྷན་དུ་་སྙིང་རྗེའི་རིན་ཐང་དང་བཟང་སྤྱོད་ལྡན་པའི་འགོ་ཁྲིད་ཅེས་པའི་བརྗོད་གཞི་ཐོག་བགྲོ་གླེང་དང་བཀའ་སློབ་སྩལ་དོན། ངའི་རྒྱལ་ཁབ་དང་ཁོང་ཚོའི་ལུང་པ་ཞེས་བསལ་བློ་གཏོང་བསྡད་པ་ཡིན་ན། ཕན་ཐོགས་གང་ཡང་མེད། འགྲོ་བ་མི་འཐེར་འབུམ་བདུན་ལྷག་ཡོད་པ་ཚང་མས་གོ་ལ་དེའི་ནང་མཉམ་སྤྱོད་བྱེད་ནས་གནས་དགོས་ལ། འདི་ནི་ང་ཚོའི་ཁྱིམ་གཞི་གཅིག་པུ་དེ་ཡིན། ལྷག་ཏུ་གོ་མཚོན་དང་དམག་ཤུགས་ཆེ་རུ་བཏང་བའི་དུས་ཚིགས་དེ་ད་ཆ་ཡལ་ཟིན་པ་རེད། དེ་ལས་ལྡོག་སྟེ། ང་ཚོ་ཚང་མས་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་མཐོར་གཏོང་ཐབས་ལ་འབད་དགོས་ཅེས་བཀའ་གནང་སོང་།

སྐབས་དེར་Afghanistan རྒྱལ་ཁབ་ནས་ཡིན་པའི་ན་གཞོན་Shabana  Basij-Rasikh ལགས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རང་ཉིད་ཀྱི་ཡ་ང་བའི་ལོ་རྒྱུས་སྙན་འབུལ་ཞུ་སྐབས། ཁོང་མོ་ཚར་ལོངས་བྱེད་པའི་སྐབས་དེར། བུད་མེད་ལ་ཤེས་ཡོན་སྤྲོད་པ་ནི་ཁྲིམས་འགལ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན། ངའི་ཕ་མ་ཚོས་ཆེས་གསང་བའི་སྒོ་ནས་ང་ལ་བུའི་གྱོན་ཆས་གཡོག་སྟེ་སློབ་གྲྭ་བཏང་གི་ཡོད། ད་ལྟ་ང་རང་ལ་དེང་གི་ཤེས་ཡོན་རག་ཡོད་པ་དེ་ནི་ངའི་ཕ་མ་ཚོའི་བློ་སྟོབས་ལ་བརྟེན་ནས་བྱུང་བ་ཞིག་ཡིན། ང་ལོ་༡༨ སོན་པའོ་སྐབས། ངས་Afghanistan་བུད་མེད་ཚོའི་ཆེད་དུ་སློབ་གྲྭ་ཐོག་མ་དེ་བཙུགས་པ་ཡིན། འོན་ཀྱང་། བློ་ཕམ་པ་ཞིག་ལ། ཁ་སྔོན་སྤྱི་ཟླ་༨ པའི་ནང་Taliban དྲག་སྤྱོད་ཚོགས་པས་སླར་ཡང་བཙན་འཛུལ་བྱས་ཏེ། ང་ཚོས་སོ་སོའི་ལུང་པ་བཞག་སྟེ་བྲོས་བྱོལ་དུ་ཡོང་དགོས་བྱུང་ལ། ད་ཆ་Afgan གྱི་ཕྱི་ནང་གཉིས་སུ་གས་འཐོར་དུ་སོང་བའི་ང་འདྲ་བའི་བུད་མེད་ཚོར་མུ་མཐུད་དཀའ་ངལ་འཕྲད་མུས་ཡིན། དེར་བརྟེན། ངས་ཁོང་ཚོའི་ཚབས་ཞུས་སྟེ། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་བཀའ་འདྲི་ཞུ་རྒྱུར། ང་ཚོ་ལུང་པ་ཁ་བྲལ་དུ་སོང་བའི་སྐྱབས་བཅོས་བ་གཅིག་མཚུངས་ཡིན་ནའང་། ཁྱེད་ཉིད་དེར་གདོང་ལེན་ཇི་ལྟར་གནང་ཡོད་དམ་ཞེས་བཀའ་འདྲི་དགོངས་སྐོར་ཞུ་པར།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་དུ། ངོས་ཀྱི་རྒྱུན་དུ་ནས། ཆོས་ལུགས་འདྲ་མིན་དང་ལྟོ་སྤྱོད་འདྲ་མི་ཡོད་པ་དེ་དག་ནི་སོ་སོ་སྒེར་གནད་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། བདེ་སྐྱིད་ལྡན་པའི་གོ་ལ་ཞིག་བསྐྲུན་པར་ཚང་མར་འགན་ཡོད། མཐར་ཐུག་དེ་ང་ཚོ་ཚང་མ་མཉམ་དུ་གནས་དགོས། ལྷག་ཏུ་ང་ཚོ་སྐྱབས་བཅོལ་བ་ཆགས་པའི་སྐབས། གཅིག་འགྱུར་གྱི་འདུ་ཤེས་ཐོག་བསམ་བློ་གཏོང་རྒྱུའི་གོ་སྐབས་མང་བ་རག་གི་ཡོད། ངོས་ཀྱི་བོད་དང་བོད་མི་རྐྱང་རྐྱང་བཤད་བསྡད་པ་ཡིན་ན། འགྲིག་ཐབས་མེད། ད་ལྟ་ངོས་བསྡད་ས་རྒྱ་གར་ནི་རང་དབང་ལུང་པ་ཞིག་ཡིན་པའི་རྐྱེན་གྱིས། རྒྱལ་ཁབ་ཕྱི་ནང་གི་མི་སྣ་མང་པོ་ཞིག་དང་ཐུགས་འཕྲད་བྱེད་རྒྱུའི་གོ་སྐབས་བྱུང་ཡོད་པ་དེའི་བརྒྱུད་ནས། ང་ཚོ་ཚང་མ་གཅིག་མཚུངས་ཡིན་པའི་ཚོར་བ་དེ་ཡང་སྐྱེས་བྱུང་ཞེས་བཀའ་ལན་གནང་སོང་།

2022-10-18-Dharamsala-G07_SA14274.jpg

ཡང་ནུབ་ཨ་ཕྷི་རི་ཀ་Ghana རྒྱལ་ཁབ་ནས་ཡིན་པའི་Grace ལགས་ཀྱིས། འཛམ་གླིང་སྤྱི་ཡོངས་ཀྱི་སོ་སོའི་ཐོན་ཁུངས་ཆ་ཚང་ཕན་ཚུན་རིན་མེད་ངང་མཉམ་སྤྱོད་བྱས་པ་ཡིན་ན། འབྱུང་འགྱུར་འཛམ་གླིང་དེ་ཇི་ལྟར་ཆགས་མིན་ཐད་རྟག་ཏུ་ངའི་སེམས་ནང་དྲི་བ་དེ་ཡོང་གི་འདུག ངའི་ཁྱིམ་ཚང་དབུལ་ཕོངས་ཞེ་དྲགས་ཡིན་ནའང་། ཕ་མ་གཉིས་ཚུད་པའི་སྤུན་ཉེ་ཚོས་གློད་གཏོང་ལ་བརྟེན་ནས་ད་ཆ་ངའི་གནས་སྟངས་ཡག་པོ་དེ་འདྲ་ཆགས་པ་རེད། དེར་བརྟེན། སོ་སོར་གང་ཡོད་པ་དེ་གཞན་དང་ལྷན་དུ་མཉམ་སྤྱོད་བྱེད་རྒྱུའི་འདུ་ཤེས་དེ་ཇི་ལྟར་སྐྲུན་དགོས་པའི་སྐོར་བཀའ་འདྲི་དགོངས་སྐོར་ཞུ་སྐབས།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་གནང་བའི་ནང་། སོ་སོའི་འཚོ་གནས་དེ་སྤྱི་ཚོགས་ལ་བརྟེན་ཡོད། གང་ལྟར་ང་ཚོ་ཚང་མ་སྤྱི་ཚོགས་ཀྱི་སེམས་ཅན་རེད། ངོས་ཀྱི་འགྲོ་བ་་མི་གཅིག་འགྱུར་གྱི་འདུ་ཤེས་གོང་མཐོར་ཡོང་ཐབས་ལ་འབད་ཀྱི་ཡོད། འོན་ཀྱང་། དེ་ལྟར་ཡོང་བར། སྐད་ཡིག་ག་རེ་སྤྱོད་དགོས་མིན་བསམ་བློ་གཏོང་སྐབས། ནུབ་ཕྱོགས་པས། དབྱིན་ཡིག་བཀོལ་སྤྱོད་བྱེད་ཀྱི་ཡོད། རྒྱ་གར་གྱི་དེ་བ་ནཱ་ག་རའི་ཡི་གེ་དེ་གནད་དོན་བྱེ་བྲག་པ་ཁག་ཅིག་གི་ཐོག་གཏིང་ཟབ་མོ་ཡོད། འོན་ཀྱང་། བོད་ཡིག་ནང་ནང་པའི་ཚན་རིག་དང་ལྟ་གྲུབ་སོགས་དང་འབྲེལ་བའི་གནད་དོན་ཁག་ཧ་ཅང་གི་གཏིང་ཟབ་པོ་ཡོད་ཅེས་བཀའ་གནང་སོང་།

སེམས་ཁམས་ཚན་རིག་པ་གྲགས་ཅན་སྐུ་ཞབས་Daniel Goleman ལགས་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སེམས་ཐག་ཉེ་བའི་གྲོགས་པོ་ཞིག་ཡིན་པ་མ་ཟད། མགོན་པོ་གང་ཉིད་མཆོག་དང་ལྷན་དུ་སེམས་ཚོར་གྱི་ནུས་པ་དང་ཤེས་པ། སེམས་ཁམས་ཚན་རིག་སོགས་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་ཐེངས་འགའ་གནང་མྱོང་འདུག་ཅིང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་པའི་ཕུགས་འདུན་ཞེས་པའི་ཕྱག་དཔེ་ཞིག་ཀྱང་བརྩམས་འདུག་པ་དང་། ཁོང་གི་སྐུ་ཟླ་རྩོམ་པ་པོ་ལྕམ་Tara Goleman ལགས་ནི་སེམས་ཁམས་ཚན་རིག་པ་ཞིག་ཡིན་པའི་ཁར། རྒྱུན་དུ་ཤེས་ཡོན་སློབ་སྟོན་པའི་ཕྱག་ལས་གནང་མུས་ཡིན་འདུག་པ་མ་ཟད། ༸གོང་ས་མཆོག་ལན་འགའ་ཤས་མཇལ་མྱོང་ཡོད་འདུག

ད་རེས་ལྷན་ཚོགས་དེའི་ཐོག་ཁོང་བཟའ་ཟླ་གཉིས་རྡ་རམ་ས་ལར་དངོས་སུ་བཅར་ཐུབ་མེད་པར་བརྟེན། དྲ་ལམ་ཐད་གཏོང་བརྒྱུད། ༸གོང་ས་མཆོག་ལ་འཚམས་འདྲི་དང་སྦྲགས། སེམས་ཁམས་ཚན་རིག་པ་གྲགས་ཅན་སྐུ་ཞབས་Daniel Goleman ལགས་ཀྱིས། ཐེངས་འདིའི་ཉིན་གཉིས་རིང་གི་བགྲོ་གླེང་དེ་གཞིར་བཞག་གིས། དུས་རབས་ཉེར་གཅིག་པའི་མི་རབས་ཚོའི་ཆེད་དུ་སྙིང་རྗེའི་ལམ་ཡིག་ལྟ་བུ་དཔེ་དེབ་ཞིག་ལྗགས་རྩོམ་གནང་འཆར་ཡོད་པས་༸གོང་ས་མཆོག་ནས་ཐུགས་སྨོན་ཡོང་བར་ཞུ་ཞེས་སྙན་འབུལ་ཞུས་གནང་སོང་།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎