༸གོང་ས་མཆོག་ནས་ཞི་བདེའི་ལྷན་ཚོགས་ཤིག་དབུ་འབྱེད་མཛད་རྒྱུ།
2013.11.29
༄༅། །རྒྱ་གར་གྱི་ཆ་ཏི་སི་གྷར་མངའ་སྡེའི་གཞུང་གིས་གདན་ཞུས་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༢༠༡༤ཟླ་༡ ཚེས་ ༡༤ ཉིན་མངའ་སྡེའི་གྲོང་ཁྱེར་Sirpur དུ་ཞི་བདེའི་ལྷན་ཚོགས་ཤིག་དབུ་འབྱེད་མཛད་རྒྱུར་ཁུལ་དེའི་ནང་ཆིབས་བསྒྱུར་བསྐྱང་གཏན་འཁེལ་འདུག
སྤྱིར་བཏང་སིར་པུར་གྲོང་ཁྱེར་ནང་གནའ་བོའི་ནང་པའི་དགོན་པ་དང་ཧིན་དུའི་ལྷ་ཁང་སོགས་གནའ་ཤུལ་དངོས་རྫས་མང་པོ་ཞིག་ས་འོག་ནས་རྙེད་སོན་བྱུང་ཡོད་པ་དང༌།སིར་པུར་གྲོང་ཁྱེར་དེ་བཞིན་མངའ་སྡེའི་རྒྱལ་ས་རའི་པུར་ནས་རྒྱང་ཐག་སྤྱི་ལེ་ ༡༠༠ ཙམ་གྱི་སར་ཡོད་པ་རེད། རྒྱ་གར་གྱི་གཏམ་རྒྱུད་ནང༌། ཁུལ་དེར་ཧིན་དུའི་ལྷ་ Ram བཙན་བྱོལ་སྐབས་བཞུགས་མྱོང་ཡོད་པ་དང་། དེང་སྐབས་ཁུལ་དེར་ནང་པའི་ལྷ་ཁང་བརྒྱད་ཡོད་པ་རེད།༸གོང་ས་མཆོག་སྔ་ལོ་ཁུལ་དེར་ཐེངས་གཅིག་ཆིབས་བསྒྱུར་བསྐྱངས་གནང་མཛད་འདུག
དེ་ཡང་རྒྱ་གར་གྱི་གསར་ཤོག་ཧིན་དུའི་ནང་གནས་ཚུལ་སྤེལ་བར་གཞིགས་ན། མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་འཛིན་སྐྱོང་འགན་འཛིན་ སྐུ་ཞབས་ Santosh Mishraས་ ༸གོང་ས་མཆོག་གི་ཆིབས་བསྒྱུར་དང་འབྲེལ་བའི་གནས་ཚུལ་འགྲེལ་བརྗོད་གནང་བའི་ནང༌། ༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སྔ་ལོ་ཆིབས་བསྒྱུར་བསྐྱངས་སྐབས་ཐུགས་ཧ་ཅང་དགྱེས་ཚོར་ཆེན་པོ་བྱུང་བར་བརྟེན། འབྱུང་འགྱུར་སླར་ཡང་ཁུལ་འདིར་ཆིབས་བསྒྱུར་བསྐྱང་རྒྱུའི་ཞལ་བཞེས་ཐོབ་བྱུང་བས་མ་ཟད། ད་ཐེངས་ཆིབས་བསྒྱུར་སྐབས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཁུལ་འདིར་མགོན་པོ་ཀླུ་སྒྲུབ་བྲག་ཕུག་ནང་སྒོམ་སྒྲུབ་མཛད་རྒྱུའི་ཐུགས་འདོད་གནང་སོང་ཅེས་གསུངས་བཞག ལོ་རྗེས་མའི་ཞི་བདེའི་ལྷན་ཚོགས་དེ་གོ་སྒྲིག་ཞུ་མཁན་Chatisgarh མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་དང༌། Pandit Ravishankar Shukla གཙུག་ལག་སློབ་གྲྭ་ཆེན་མོ། དེ་བཞིན་ཏཱ་ལའི་བླ་མའི་ཚོགས་པ་བཅས་ཡིན་པའི་སྐོར་རྒྱ་གར་གྱི་ཧིན་དུ་གསར་ཤོག་ནང་གནས་ཚུལ་ཐོན་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ་ལགས།