༄༅༎ཨི་ཊ་ལི་ནང་དུ་ས་ཡོམ་འགུལ་ཚད་དྲུག་བརྒྱབ་པའི་རང་འབྱུང་གི་གནོད་འཚེ་བྱུང་བའི་རྗེས། སྤྱི་ནོར༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊ་ལིའི་སྲིད་བློན་མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་གནང་ཡོད་པ་རེད།
དེ་ཡང་ཨི་ཊལི་བྱང་ཕྱོགས་སུ་ས་ཡོམ་འགུལ་ཚད་ལྔ་དང་གྲངས་ཆུང་གཅིག་རྒྱབ་པའི་རྗེས་སླར་ཡང་འགུལ་ཚད་དྲུག་རྒྱབ་པར་བརྟེན་ནས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ད་རེས་ཨི་ཊ་ལི་དུ་ཆིབས་བསྒྱུར་བསྐྱང་གནང་བའི་སྐབས་ཨི་ཊ་ལི་སྲིད་བློན་ལ་ཐུགས་གསོའི་ཕྱག་བྲིས་གནང་སྟེ། ས་ཡོམ་གྱི་གནོད་འཚེའི་ནང་གོད་ཆག་ཕོག་པའི་མི་དམངས་ཚོར་ཐུགས་གསོ་དང་གདུང་སེམས་མཉམ་བསྐྱེད་གནང་ཡོད་པ་རེད། ཟླ་བ་འདིའི་ཕྱི་ཚེས་༢༣ རེས་གཟའ་ལྷག་པའི་ཉིན་༧གོང་ས་མཆོག་གིས་ཨི་ཊ་ལིའི་སྲིད་བློན་སྐུ་ཞབས་མ་རི་ཡོ་མོན་ཏི་མཆོག་ལ་་ཕུལ་བའི་གསུང་འཕྲིན་ནང་དུ། ཉེ་ཆར་ཨི་ཊ་ལི་ཡི་ས་གནས་སྦོ་ལོག་ན་དུ་རང་འབྱུང་ས་ཡོམ་གྱི་གནོད་འཚེ་བྱུང་སྟེ། མི་དམངས་རྐྱེན་འདས་སུ་ཕྱིན་པ་དང༌། རྒྱུ་ནོར་ལ་གནོད་འཚེ་བྱུང་བ་དེར་ཐུགས་ཕམ་དང་ཐུགས་གསོ་ཡོད་ཅེས་བཀའ་གནང་ཡོད་པ་མ་ཟད། ས་ཡོམ་གྱི་གནོད་འཚེ་ནང་དུ་འདས་གྲོངས་སུ་ཕྱིན་པ་ཚོའི་ཤུལ་ལུས་ནང་མི་བུ་ཕྲུག་ལ་ཐུག་གསོ་དང༌། འདས་གྲོང་སུ་ཕྱིན་པ་ཚོར་ཐུགས་སྨོན། གོད་ཆགས་ངལ་སེལ་རོགས་སྐྱོར་བཅས་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཡོ་རོབ་ཀྱི་རྒྱལ་ཁབ་དབྱིན་ཇི་དང། སོལོ་ལྦེ་ནི་ཡ་སྤྱི་མཐུན་རྒྱལ་ཁབ། ཨི་ཊ་ལི། སྦེལ་ཇེམ་དུ་ཆིབས་བསྒྱུར་གྱིས་མཛད་འཆར་ཁག་གྲུབ་ཏེ། ཨོསི་ཀྲི་རི་ཡ་ནང་ཆིབས་བསྒྱུར་བསྐྱང་ཏེ། ཕྱི་ཚེས་༢༦ ཉིན་ཨོསི་ཀྲི་རི་ཡའི་ནང་གི་མཛད་འཆར་གྲུབ་པའི་རྗེས་རྒྱ་གར་དུ་ཆིབས་ཞལ་བསྒྱུར་གྱི་ཡོད་པ་རེད།