༧སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དྲ་ལམ་བརྒྱུད་མཇལ་ཁ་གནང་འདུག

སྤྱི་ལོ་ ༢༠༢༡ལོའི་སྤྱི་ཟླ་ ༩ ཚེས་ ༡ རེས་གཟའ་ལྷག་པ་ཉིན་གྱི་སྔ་དྲོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དྲ་ལམ་བརྒྱུད་མཇལ་ཁ་གནང་བ་དང་ཆབས་ཅིག་སྲིད་སྐྱོང་མཆོག་གིས་ཁོང་སྲིད་སྐྱོང་གི་ཐུགས་འགན་བཞེས་པའི་རྗེས་ཀྱི་བོད་མིའི་འདུས་སྡོད་ཁུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་ཐོག་མ་དེ་ལ་དྭགས་ཁུལ་དུ་བསྐྱོད་ཡོད་པའི་གནས་ཚུལ་ཁག་ཅིག་སྙན་གསན་ཞུས་འདུག
ད་རེས་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་པ་དེ་ནི་སྲིད་སྐྱོང་གི་དམ་འབུལ་ཞུས་པའི་རྗེས་ཀྱི་མཇལ་ཁ་ཐེངས་༤པ་དེ་ཡིན་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་འདུས་སྡོད་ཁུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་ཐོག་མ་དེ་བཞིན་སྤྱི་ཟླ་༨པའི་ཚེས་༢༠ ནས་༢༨ བར་ཉིན་གྲངས་བརྒྱད་རིང་ལ་དྭགས་སླེ་དང་། བྱང་ཐང་བཀག་གཞུང་དང་། ཉོ་མ། རྒོད་ཡུལ། ཧན་ལེ། མ་ཁྱུ། སུམ་མདོ། ར་ཆུང་ཀ་ར། ས་སྨད་བཅས་ས་ཁུལ་བརྒྱད་ནང་ས་གནས་བོད་མི་ཚོའི་གནས་སྟངས་རྒྱུས་ལོན་གནང་འདུག་པ་མ་ཟད།
རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་མཇལ་འཕྲད་གནང་ཡོད་པའི་ཁྲོད་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་ལགས་ཀྱིས་ཁོང་རང་ཉིད་ངོས་ནས་ལ་དྭགས་ཁུལ་གྱི་བོད་མི་ཚོར་གང་ཐུབ་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་སྲིད་སྐྱོང་མཆོག་ལ་ཞལ་བཞེས་གནང་ཡོད་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཁོང་གིས་གསུངས་ཡོད་པ་རེད། ད་ལྟའི་ཆར་ལ་དྭགས་ཁུལ་དུ་བོད་མི་༥༠༠༠མ་ཟིན་ཙམ་གནས་སྡོད་བྱེད་ཀྱི་ཡོད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།