དེ་ཡང་ཕྱི་ཚེས་ ༦ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་པ་ Sir Keir Starmer མཆོག་གི་ངལ་རྩོལ་ཆབ་སྲིད་ཚོགས་པར་ཉེ་འཆར་གྱི་དབྱིན་ཇིའི་རྒྱལ་ཡོངས་ཀྱི་འོས་བསྡུ་ཆེན་མོར་རྒྱལ་ཁ་ཐོབ་བ་དང་ཁོང་སྲིད་བློན་གྱི་གོ་གནས་ལ་བསྐོ་བཞག་བྱུང་གནང་བ་དེར་བཀྲིས་བདེ་ལེགས་ཀྱི་འཚམས་འཕྲིན་སྩལ་གནང་མཛད་ཡོད་པ་རེད་འདུག དེ་ཡང་༸གོང་ས་མཆོག་གི་སྩལ་གནང་བའི་འཚམས་འཕྲིན་དེའི་ནང་། དེང་སྐབས་འཛམ་གླིང་ཐོག་དཀའ་རྙོག་མང་པོ་ཞིག་ལ་གདོང་ལེན་གནང་དགོས་ཆགས་ཡོད། དབྱིན་ཡུལ་ངོས་ནས་གཅིག་ལ་གཅིག་རྟེན་ཤུགས་ཆེ་རུ་འགྲོ་བའི་འཛམ་གླིང་འདིའི་ནང་གི་ཞི་བདེ་དང་བརྟན་ལྷིང་ཐོག་ཞབས་འདེགས་རླབས་ཆེ་སྒྲུབ་ཐུབ་པར་ཡིད་ཆེས་ཡོད། ངོས་རང་དབྱིན་ཡུལ་ནང་ཐེངས་འགའ་ཤས་ཀྱི་རིང་བསྐྱོད་གནང་སྐབས་དབྱིན་ཡུལ་གྱི་མི་མང་ཚོས་ངོས་རང་གི་གཞི་རྩའི་མིའི་བྱམས་བརྩེའི་རིན་ཐང་དང་ཆོས་ལུགས་ཕན་ཚུན་བར་འཆམ་མཐུན་གྱི་ལས་དོན་དེར་དོ་སྣང་ཤུགས་ཆེ་གནང་བར་ཡིད་སྨོན་བྱེད་ཀྱི་ཡོད། དེ་བཞིན་ངོས་རང་ལ་དབྱིན་ཇིའི་འབངས་མི་སེར་མཐོ་སྨད་ཀུན་གྱིས་བརྩེ་གདུང་དང་མཛའ་གྲོགས་ཀྱི་རྣམ་འགྱུར་སྟོན་པ་དེར་ཐུགས་བློ་ཧ་ཅང་གི་བབ་པོ་བྱུང་། རྒྱལ་རབས་ལོ་རྒྱུས་ཐོག་ནས་བོད་མི་ཚོ་དང་དབྱིན་ཇིའི་རྒྱལ་ཁབ་བར་རྒྱུན་རིང་ནས་དམིགས་བསལ་གྱི་འབྲེལ་བ་ཞིག་བྱུང་ཡོད། ལྷག་པར་དུ་འདས་པའི་དུས་ཡོན་ནང་དབྱིན་ཇིའི་མི་མང་གིས་བོད་མི་རྣམས་ཀྱི་རང་དབང་དང་ཆེ་མཐོང་ཀྱི་མངོན་འདོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བ་དེར་ངོས་རང་གིས་དཀའ་དྲིན་ཆེ་ཞུ་བཞིན་ཡོད། ངོས་རང་གི་ངོས་ནས་སྐུ་ཉིད་ཀྱིས་དབྱིན་ཇིའི་མི་མང་གི་མངོན་འདོད་ཁག་སྒྲུབ་ཐུབ་པའི་སྨོན་འདུན་ཞུ་གི་ཡོད་ཅེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་པ་ Sir Keir Starmer མཆོག་ལ་སྩལ་བའི་འཚམས་འཕྲིན་དེའི་ནང་བཀོད་གནང་ཡོད་པ་རེད་འདུག
གསར་འགོད་པ། ལྷུན་འགྲུབ་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ། ཡེ་ཤེས་བཀྲ་ཤིས།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།
༸གོང་ས་མཆོག་ནས་དབྱིན་ཇིའི་སྲིད་བློན་གསར་པར་འཚམས་འཕྲིན་སྩལ་གནང་མཛད་པ།
