༄༅། །དེ་རིང་ཕྱི་ཚེས་༣ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་སྩལ་བཞིན་པའི་ཆོས་འབྲེལ་གྱི་ཉིན་ཐ་མའི་ཐོག་ལམ་གཙོ་རྣམ་གསུམ་གྱི་ཆོས་ཐུན་འཕྲོས་སྐྱོང་མཛད་དེ་དགེ་བསྙེན་གྱི་སྡོམ་པ་འབོགས་འཇོག་གནང་འདུག་པས་མ་ཚད། སྨོན་སེམས་ཆོ་ག་བཟུང་སྟེ་བྱང་སྡོམ་སྔོན་དུ་སོང་བའི་སྒོ་ནས་༧གོང་ས་ལྔ་པ་ཆེན་པོའི་དག་སྣང་ལས་བྱུང་བའི་གསང་བ་རྒྱ་ཅན་ནང་གི་བཅོམ་ལྔན་འདས་སྨན་བླའི་རྗེས་གནང་བཀའ་དྲིན་བསྩལ་གནང་མཛད་འདུག ཆོས་འབྲེལ་གྱི་ཉིན་ཐ་མའི་ཐོག་དད་ལྡན་ཆོས་ཞུ་བ་རྣམས་ལ་ལམ་སྟོན་བཀའ་སློབ་གནང་སྐབས། ཆོས་ཉམས་ལེན་ཡག་པོ་བྱེད་དགོས་གལ་ཆེན་པོ་ཡིན་པ་དང་། ཉམས་ལེན་བྱེད་པར་ཤེས་དགོས་ཀྱི་ཡོད་དུས། ཆོས་སློབ་སྦྱོང་བྱ་རྒྱུ་དེ་དཔེ་གལ་ཆེན་པོ་རེད་ཅེས་བཀའ་གནང་འདུག ༧གོང་ས་མཆོག་ནས་སྐབས་དེར་ད་དུང་། ནང་ཆོས་ཤེས་པ་བྱས་ཏེ་ཉམས་ལེན་བྱས་པ་ཡིན་ན། ནུས་པ་ཐོན་པ་ཞིག་ཡོང་གི་རེད། དེ་མིན་རང་རང་གི་ལུགས་སྲོལ་ལྟ་བུ་བྱས་ཏེ་གཟུངས་སྔགས་འདྲ་འདྲེན་ཏེ་བསྡད་ན་ནུས་པ་ཐོན་རྒྱུ་ཧ་ཅང་ཁག་པོ་ཡིན་སྐོར་བཀའ་གནང་བ་དང་འབྲེལ། ཆོས་སློབ་སྦྱོང་བྱས་ཏེ་སེམས་ལ་བསྒྱུར་བཅོས་གཏོང་དགོས་ཞེས་ལམ་སྟོན་བཀའ་སློབ་གནང་འདུག། དེ་རྗེས་ཆེད་དུ་བྱ་བའི་འདུལ་བྱ་ཝི་ཏི་ནམ་ཆོས་ཞུ་བའི་འཐུས་མི་ཁག་ཅིག་གིས་༧གོང་ས་མཆོག་ལ་བརྟན་བཞུགས་མདོར་བསྡུས་ཤིག་བསྟར་འབུལ་ཞུས་འདུག།