༸གོང་ས་མཆོག་བསྐྱར་དུ་ཐེ་ཝན་ནང་ཆིབས་བསྒྱུར་ཐུབ་པའི་རེ་སྒུག་བྱེད་མུས་ཡིན་པ།

2022.06.20
༸གོང་ས་མཆོག་བསྐྱར་དུ་ཐེ་ཝན་ནང་ཆིབས་བསྒྱུར་ཐུབ་པའི་རེ་སྒུག་བྱེད་མུས་ཡིན་པ།
མཐུན་འགྱུར་པར་རིས།

ད་རེས་ཐེ་ཝན་ནང་༧སྐུའི་འཁྲུངས་སྐར་སྔ་སྣུར་གྱིས་སྲུང་བརྩི་མཛོད་སྒོ་ཐོག་ཐེ་ཝན་གཞུང་གི་དཔོན་རིགས་དང་ཕྱི་རྒྱལ་གཞུང་ཚབ་ཁག་གི་སྐུ་ཚབ་སོགས་དམིགས་བསལ་ཆེད་ཕེབས་གནང་ཡོད་པ་དེས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་མཚོན་གྱི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
སྤྱི་ལོ་༡༩༩༧ ལོར་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ལི་ཏུན་ཧེ་(Lee Teng-Hui)ཡིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་དུ་གདན་འདྲེན་ཞུས་ནས་མཇལ་འཕྲད་གནང་བའི་དུས་དེ་ནས་བཟུང་ཐེ་ཝན་མི་མང་དང་༸གོང་ས་མཆོག་གི་དབར་དམིགས་བསལ་གྱི་འབྲེལ་བ་གསར་པ་ཞིག་བཙུགས་ཐུབ་པ་བྱུང་ཡོད་ལ། ད་སྐབས་ཐེ་ཝན་ནང་མགོན་པོ་གང་ཉིད་མཆོག་གི་རྗེ་འབྲང་པ་ས་ཡ་འགའ་ཞིག་གིས་༸གོང་ས་མཆོག་བསྐྱར་དུ་ཐེ་ཝན་ནང་ཆིབས་བསྒྱུར་ཐུབ་པའི་རེ་སྒུག་བྱེད་མུས་ཡིན་པ་དང་། ཉེ་ལམ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་གོ་སྒྲིག་འོག་འདི་ལོའི་༧སྐུའི་འཁྲུངས་སྐར་སྔ་སྣུར་གྱི་ལམ་ནས་སྲུང་བརྩི་ཞུས་ཤིང་། མཛད་སྒོའི་ཐོག་ཐེ་ཝན་རིག་གཞུང་ལྷན་ཁང་གི་བློན་ཆེན་གཞོན་པ་དང་། དེ་སྔོན་ཐེ་ཝན་སྲིད་འཛིན་ལས་ཁུངས་ཀྱི་དྲུང་ཆེ། ཐེ་ཝན་སྲིད་བློན་ལས་ཁུངས་ཀྱི་དྲུང་ཆེ། ཐེ་ཝན་སྲིད་འཛིན་ཀྱི་སློབ་སྟོན་པ། ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་དྲུང་ཆེ་གཞོན་པ། ཐེ་ཝན་རིག་གཞུང་ལྷན་ཁང་གི་སྡེ་ཚན་ཁག་ཅིག་གི་འགན་འཛིན་རྣམ་པ་དང་། དེ་བཞིན་ཐེ་ཝན་ནང་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཀྱི་ཆབ་སྲིད་སྡེ་ཚན་གྱི་འགན་འཛིན། འཇར་མེ་ནི་གཞུང་ཚབ། རྒྱ་གར་གྱི་གཞུང་ཚབ་གཞོན་པ། ཐེ་ཝན་བོད་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་སྐུ་ཚབ་སོགས་ཆེད་ཕེབས་གནང་འདུག
ཐེ་ཝན་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྣམ་དག་ལགས་ཀྱིས། ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༧ ལ་ཕེབས་པའི་༸སྐུའི་འཁྲུངས་ཐོག་ཐེ་ཝན་གཞུང་གི་དཔོན་རིགས་དང་། ཕྱིའི་རྒྱལ་ཁབ་ཁག་གི་ཆེས་མཐོའི་སྐུ་མགྲོན་མང་དག་ཞིག་དམིགས་བསལ་ཆེད་ཕེབས་གནང་བ་དེས་རྒྱ་ནག་གི་ངོ་རྒོལ་དང་འཇིགས་སྐུལ་ལ་མ་ལྟོས་པར་ཕྱི་རྒྱལ་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་གསལ་པོ་མཚོན་ཐུབ་ཅེས་འགྲེལ་བརྗོད་གནང་བྱུང་།
མཛད་སྒོའི་ཐོག་ཆེད་ཕེབས་གནང་བའི་ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་ཐེན་ཀྲུང་བཀང་(Tien Chung Kwang)ལགས་ཀྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བདེ་སྐྱིད་དོན་དུ་གཉེར་རྒྱུར་གཞན་ཕན་དང་སྙིང་རྗེའི་ཉམས་ལེན་བྱེད་དགོས་པ་རྟག་ཏུ་ང་ཚོར་བཀའ་གནང་གི་ཡོད་ལ། གཞན་ཕན་དང་སྙིང་རྗེ་ནི་འཛམ་གླིང་ནང་གི་དཀའ་རྙོག་སེལ་བའི་ཐབས་ལམ་གལ་ཆེ་ཞིག་ཡིན་པ་བཀའ་གནང་གི་ཡོད། ང་ཚོ་ཐེ་ཝན་མི་དམངས་ཚོའི་སེམས་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་དམིགས་བསལ་བློ་ཐག་ཉེ་པོ་ཡོད་པ་གསུངས་འདུག
ཡང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། རིང་མིན་ཐེ་ཝན་སྐུ་ཚབ་དོན་གཅོད་ཨ་རིར་ཚོགས་འདུ་ཞིག་གི་ཐོག་འགྲོ་དགོས་པའི་དབང་གིས་༧སྐུའི་འཁྲུངས་སྐར་སྔ་སྣུར་གྱིས་སྲུང་བརྩི་ཞུས་དགོས་བྱུང་ཡང་། དེ་ནི་དོན་སྙིང་ལྡན་པ་ཞིག་བྱུང་སོང་ཞེས་འགྲེལ་བརྗོད་གནང་གི་འདུག
ཐེ་ཝན་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པའི་དྲུང་ཆེ་གཞོན་པ་ལིན་ཧྤེ་ཧྤན་(Lin Feifan) ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྟག་ཏུ་ང་ཚོའི་མཉམ་དུ་ཐེ་ཝན་ནང་བཞུགས་བཞིན་ཡོད་པའི་སེམས་ཚོར་བྱུང་ལ། ཁོང་བསྐྱར་དུ་ཐེ་ཝན་ནང་ཕེབས་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས་འདུག
ཡང་ད་རེས་༧སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་རྩོམ་ཕྱོགས་བསྡུས་ཀྱི་ཕྱག་དེབ་ཉི་ཤུ་པ་དེ་ཡང་དབུ་འབྱེད་གནང་འདུག གཞན་ཡང་༸སྐུའི་འཁྲུངས་སྐར་སྲུང་བརྩིའི་སྐབས་བོད་དང་སོག་པོ་སོགས་ཡུལ་ལུང་མི་འདྲ་བ་ཁག་ཅིག་གི་གཞས་སྣ་འཁྲབ་སྟོན་ཞུས་འདུག།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎