མི་ཡོངས་རྫོགས་ལ་སྐྱབས་བཅོལ་སྤྲོད་ཐུབ་རྒྱུ་མི་སྲིད་པ་ཞིག་ཡིན།
2015.09.15
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཇིའི་གྲོང་ཁྱེར་Oxford གི་Magdalen གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པའི་དྲི་བར་བཀའ་ལན་སྩལ་བའི་སྐབས། Syria དམག་འཁྲུག་ཁྲོད་ནས་བྲོས་བྱོལ་དུ་ཡོང་བའི་སྐྱབས་བཅོལ་བ་ཚོར་བདག་སྐྱོང་བྱེད་སྟངས་ཐད་དམིགས་བསལ་Germany རྒྱལ་ཁབ་ཀྱིས་སྐྱབས་བཅོལ་བ་སྟོང་ཕྲག་མང་པོར་མཐུན་འགྱུར་རོགས་རམ་གནང་བ་དེར་བསྔགས་བརྗོད་མཛད་ཡོད་ལ། དེའི་ཐོག་ལ་Austria དང་འདི་ག་དབྱིན་ཡུལ་བཅས་ནས་ཀྱང་སྐྱབས་བཅོལ་བའི་ཐོག་ལ་རོགས་སྐྱོར་གྱི་རྣམ་འགྱུར་གང་ལེགས་བསྟན་སོང་བས་གནང་སྟངས་དེ་ཚོ་ཧ་ཅང་གི་ཡག་པོ་རེད། ཡིན་ནའང་ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས་པ་ནི། དཀའ་ངལ་ནང་ལྷུངས་བའི་མི་ཡོངས་རྫོགས་ཡོ་རོབ་ནང་སྐྱབས་བཅོལ་དུ་ཡོང་ཐུབ་ཐབས་མེད་ལ་ཚང་མར་མི་ཆོས་འཚོ་མཐུན་གྱི་མཐུན་འགྱུར་ཡོངས་རྫོགས་སྦྱོར་སྤྲོད་ཐུབ་པ་ཞིག་མིན་ཞིང་། རྒྱལ་ཁབ་དེ་དག་གིས་སྐྱབས་བཅོལ་བ་ཉུང་ཤས་ཤིག་ལ་རོགས་སྐྱོར་བྱེད་བཞིན་ཡོད་པར་བརྟེན་ནས་ང་ཚོས་ངེས་པར་དུ་སྐྱབས་བཅོལ་བ་ཚོ་སོ་སོའི་རྒྱལ་ཁབ་ནང་གི་མི་གསོད་ཁྲག་སྦྱོར་གྱི་དཀའ་རྙོག་དེ་སེལ་ཐབས་ཀྱི་ཐབས་ཤེས་བསམ་བློ་གཏོང་དགོས་ཀྱི་རེད་ཅེས་བཀའ་ནན་པོ་གནང་ཡོད་པ་རེད། ད་དུང་༸གོང་ས་མཆོག་གིས་Oxford གྲོང་ཁྱེར་དེའི་ནང་ཏཱ་ལའི་བླ་མ་བྱམས་བརྩེའི་ལྟི་གནས་ཁང་ཞེས་པ་དབུ་འབྱེད་མཛད་པ་དང་། ༧གོང་ས་མཆོག་གི་མཚན་ཐོག་གི་ལྟེ་གནས་ཁང་དེ་ཡིས་བཟང་སྤྱོད་གོང་འཕེལ་གཏོང་རྒྱུ་ཕྱག་ལས་གནང་མཁན་ཞིག་ཡིན་ཞིང་། དེ་བཞིན་ད་རེས་༸གོང་ས་མཆོག་དབྱིན་ཡུལ་དུ་ཉིན་ཞག་བཅུ་བཞུགས་རིང་ལ་རེས་གཟའ་སྤེན་པའི་ཉིན་O2 Arena ཞེས་པའི་ཚོགས་ཁང་ཆེན་མོའི་ནང་མང་ཚོགས་སྟོང་ཕྲག་མང་པོར་བཀའ་སློབ་སྩལ་རྒྱུ་སོགས་ཀྱི་མཛད་འཆར་བསྐྱང་གནང་རྒྱུ་ཡིན་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།