༸གོང་ས་མཆོག་སྦ་ར་ཛིལ་དུ་ཞབས་སོར་འཁོད་གནང་བ།
2011.09.17
༄༅༎སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ད་རེས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་གསུམ་ནང་དུ་ཆིབས་བསྒྱུར་གྱི་མཛད་འཆར་བསྐྱང་གནང་རྒྱུའི་ཁོངས་ནས། མེཀ་སི་ཀོ་དང་ཨར་ཇེ་ཊི་ན་གཉིས་ནང་གི་མཛད་འཕྲིན་ལེགས་པར་བསྐྱངས་ཟིན་ཏེ། ཕྱི་ཚེས་༡༦ ནས་སྦེ་རེ་ཛིལ་ནང་གི་མཛད་འཕྲིན་ལེགས་པར་གྲུབ་ཡོད་པ་རེད།
དེ་ཡང་བཙན་བྱོལ་བོད་མིའི་དྲ་རྒྱའི་ཐོག་ སྤྱི་ནོར་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་ཉིན་སྦེ་རེ་ཛིལ་གྱི་རྒྱལ་ས་སའོ་པའོ་ལོའོ་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་འཁོད་སྐབས། ཆིབས་བསྒྱུར་གདན་ཞུ་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ལི་ཡ་ཌིསི་ཀིན་དང༌། རྒྱ་གར་གཞུང་ཚབ་ཁང་གི་སྐུ་ཚབ་གཙོས་པའི་གནད་ཡོད་མི་སྣ་ཁག་གིས་ཕེབས་བསུ་ཞུས་པ་དང༌། དེ་རྗེས་༧གོང་ས་མཆོག་གནམ་ཐང་ནས་ཐད་ཀར་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཁང་དུ་ཆིབས་བསྒྱུར་གྱིས་སྦེ་རེ་ཛིལ་གྱི་ཚོང་པ་དང་བཟོ་གྲྭ་ཆེ་ཁག་གི་འཛིན་སྐྱོང་དབུ་ཁྲིད་རྣམས་ལ་མཇལ་ཁ་གནང་བ་མ་ཟད། ལམ་སྟོན་བཀའ་སློབ་ཀྱང་ཕེབས་ཡོད་པའི་ནང༌། དུས་རབས་༢༠ པ་ནི་དམག་འཁྲུགས་ཀྱི་དུས་རབས་ཤིག་ཡིན་པ་དང་དེའི་དུས་སུ་དམག་འཁྲུགས་ནང་མི་ས་ཡ་མང་པོའི་ཚེ་སྲོག་ཤོར་ཡོད་པར་བརྟེན། ད་ཆ་དུས་རབས་༢༡ ནི་དམག་འཁྲུགས་དུས་རབས་ལས་ཡོལ་ཟིན་ཏེ། ཞི་བདེ་དང་གྲོས་མོལ་གྱི་ལམ་ནས་དམག་འཁྲུགས་དང་དཀའ་རྙོག་སེལ་བའི་དུས་རབས་ཤིག་ཏུ་འགྱུར་ཐུབ་ཐབས་འབད་བརྩོན་བྱ་དགོས་པ་ཡིན། འོན་ཀྱང་ང་ཚོས་འབད་བརྩོན་ཇི་ཙམ་བྱས་ཀྱང་རྙོག་ཕྲ་དང་དཀའ་རྙོག་མེད་པ་ཞིག་ནམ་ཡང་ཡོང་ཐབས་མེད་ལ།འགྲོ་བ་མིའི་རྣམས་ཇི་ཙམ་འཚོ་གནས་ཐུབ་པ་དེ་ཙམ་གྱིས་དཀའ་ངལ་དང་རྙོག་ཕྲ་ཡོད་པ་ཆོས་ཉིད་ཡིན། འོན་ཀྱང་ཕྱོགས་ཕན་ཚུན་དབར་བསམ་ཚུལ་མི་མཐུན་པ་དང་དཀའ་ངལ་འཕྲད་བཞིན་པ་དེ་དག་གྲོས་མོལ་གྱི་ཐབས་ལམ་ཐོག་ནས་སེལ་ཐབས་བྱ་དགོས། དེང་སྐབས་སྤྱི་ཚོགས་ནང་དཀའ་ངལ་ཡོང་བའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི། དབུལ་ཕྱུག་དབར་གྱི་བར་ཁྱད་ཆེ་རུ་འགྲོ་བ་དེ་ཡིན་ཞིང༌། དེར་བརྟེན་འབྱོར་ལྡན་པ་དང༌། ཚོང་པའི་དབུ་ཁྲིད་ཚོས་ཉམས་ཐག་མི་དམངས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན་ཐོག་ལ་རོགས་རམ་བྱ་ཐུབ་པ་དང༌། ས་འོག་རང་འབྱུང་གཏེར་ཁ་རྣམས་རྫོགས་མཐའ་མེད་པ་ཞིག་རྩ་བ་ནས་མིན་པར་བརྟེན་རང་འབྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོག་ལ་ཐུགས་འཁུར་བྱེད་པའི་ཐོག་ནས་ཡར་རྒྱས་གཏོང་ཐབས་འབད་བརྩོན་བྱ་དགོས་པའི་བཀའ་སློབ་ཕེབས་ཡོད་པའི་སྐོར་བཀོད་ཡོད་པ་རེད།།