དབྱར་རྩྭ་དགུན་འབུའི་ཐོན་ཁུངས་བཟང་ཡང་རིན་གོང་ཆག་འདུག
འདི་ལོ་༢༠༡༥ལོར་དབྱར་རྩ་དགུན་འབུའི་ཐོན་འབབ་དེ་སྔ་ལས་མང་དུ་ཕྱིན་ཡོད་ཀྱང་རིན་གོང་མར་ཆག་ཡོད་པ་རེད་འདུག
-
2015-06-10 -
-
-
འདི་ལོ་༢༠༡༥ལོར་དབྱར་རྩ་དགུན་འབུའི་ཐོན་འབབ་དེ་སྔ་ལས་མང་དུ་ཕྱིན་ཡོད་ཀྱང་རིན་གོང་མར་ཆག་ཡོད་པ་རེད་འདུག
དེ་ཡང་བོད་ནང་དབྱར་རྩ་དགུན་འབུ་ཐོན་ཁུངས་ཆེ་ཤོས་ཀྱི་ས་ཁུལ་མཚོ་སྔོན་གྱི་ལས་སྒོའི་མི་སྣ་ཁག་གཅིག་གིས་བཤད་པར་གཞིགས་ན། འདི་ལོ་༢༠༡༥ལོར་དབྱར་རྩ་དགུན་འབུའི་ཐོན་འབབ་དེ་སྔ་ལས་མང་དུ་ཕྱིན་ཡོད་ཀྱང་རིན་གོང་མར་ཆག་ཡོད་པ་རེད། དེ་རིང་རྒྱ་ནག་གི་མི་དམངས་དྲ་བའི་ནང་གནས་ཚུལ་སྤེལ་བའི་ནང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནང་དབྱར་རྩ་དགུན་འབུ་འཐུ་མཁན་དང་། དེ་བཞིན་ཉོ་མཁན་གྱིས་འདི་ལོ་དབྱར་རྩྭ་དགུན་འབུའི་ཐོན་འབབ་ཧ་ཅང་ཆེན་པོ་ཡོད་ལུགས་བཤད་འདུག མཚོ་སྔོན་གྱི་སྨན་གྱི་བཟོ་གྲའི་འགན་འཛིན་ཧན་ཕུའུ་ཞེས་པས། ཉེ་དུས་བཟོ་པ་ཚོས་ཆ་སྙོམས་ཉིན་མ་རེར་དབྱར་རྩྭ་དགུན་འབུ་རྐང་༦༠ནས་༡༠༠བར་འཐུ་ཐུབ་ཀྱི་ཡོད་པ་དང་། དེ་ནི་དེ་སྔ་མཐོང་དཀོན་པ་ཞིག་རེད་ཅེས་བཤད་འདུག ཡང་མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ལྟ་སྐུལ་དོ་དམ་ས་ཚིགས་ལས་ཁུངས་ཀྱི་འགན་ཁུར་བས་བཤད་པར་གཞིགས་ན། དབྱར་རྩྭ་དགུན་འབུ་འཐུ་བའི་ནམ་དུས་མ་སླེབས་པའི་གོང་གི་གཟའ་འཁོར་གཉིས་ནང་། མཚོ་སྔོན་ཞིང་ཆེན་གྱི་འབྲོག་པ་གནས་ཡུལ་ཁག་ཏུ་གངས་ཆེན་པོ་ཐེངས་གཉིས་འབབ་པ་དེས་དབྱར་རྩྭ་དགུན་འབུ་སྐྱེ་ཡག་དང་འཚར་ལོངས་ཡོང་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད་པ་དང་། དབྱར་རྩྭ་དགུན་འབུ་སྤུས་ཚད་འབྲིང་བར་སྤྱི་རྒྱ་རེར་ན་ནིང་རྒྱ་སྒོར་ཁྲི་༡༢ཙམ་ཡིན་པ་དང་། ད་ལོ་སྒོར་ཁྲི་༡༠བར་མར་ཆགས་པ་དང་། སྤུས་ཚད་ཞན་པའི་དབང་གིས་རིན་གོང་ཆག་ཚད་དེ་བས་ཆེ་བ་ཡོད་པ་རེད་ཅེས་བཤད་འདུག འོན་ཀྱང་མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུ་མཐུན་ཚོགས་ཀྱི་དྲུང་ཆེ་ཀྲའོ་ཅིན་ལྦུན་གྱིས། སྤྱིར་བཏང་དབྱར་རྩྭ་དགུན་འབུའི་རིན་གོང་མར་ཆགས་པ་དེར་དོ་ཁུར་བྱེད་འོས་ཀྱང་སྤུས་ཚད་ལེགས་ཤོས་ཀྱི་རིན་གོང་དེ་ཙམ་ཆགས་མེད་པས་སྔར་བཞིན་འགྲོ་རྒྱུགས་ཆེ་ཡང་ཐོན་ཁུངས་ཉུང་བ་ཡིན་པ་བཤད་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།