རྒྱ་གར་དུ་ཧི་མ་ལ་ཡའི་དགོན་སྡེ་ཁག་གི་ལྷན་ཚོགས་གནང་འཆར།
2009.11.21
༄༅༎ཟླ་བ་འདིའི་ཚེས་༢༣དང་༢༤བཅས་ཉིན་གྲངས་གཉིས་རིང་ཧར་ཡ་ན་མངའ་སྡེའི་གུར་གའོན་ས་གནས་སུ་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་ཧི་མ་ལ་ཡའི་བོད་བརྒྱུད་ནང་བསྟན་སྲོལ་རྒྱུན་གྱི་དགོན་སྡེ་ཁག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྷན་ཚོགས་ཤིག་གནང་འཆར་འདུག
བཙན་བྱོལ་བོད་གཞུང་ཆོས་རིག་ལྷན་ཁང་གིས་གོ་སྒྲིག་གནང་རྒྱུའི་ལྷན་ཚོགས་དེ་བཞིན་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་དགོན་སྡེ་ཁག་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་ལྷན་ཚོགས་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧སྐྱབས་མགོན་ཆེན་པོ་མཆོག་གོང་ཞུས་ལྷན་ཚོགས་དེའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀྲིན་ཆེ་གནང་མཛད་རྒྱུ་ཡིན་པ་དང༌། བདག་ཉིད་ཆེན་པོ་གན་དྷིའི་རྗེས་འབྲང་པ་རྒྱ་གར་ནང་གྲགས་ཆེ་བའི་ཁོར་ཡུག་སྲུང་སྐྱོབ་དོན་གཉེར་བ་སྐུ་ཞབས་སུན་རྡར་ལཱལ་སྦ་ཧུ་གུ་ན་ལྷན་ཚོགས་དེའི་དམིགས་བསལ་སྐུ་མགྲོན་ལ་གདན་ཞུ་གནང་འདུག བཙན་བྱོལ་བོད་གཞུང་གི་བཀའ་བློན་
ཁྲི་པ་མཁས་དབང་ཟམ་་གདོང་རིན་པོ་ཆེ་མཆོག་དང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་ལགས་རྣམ་གཉིས་ཀྱང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྷན་ཚོགས་དེའི་ནང་མཉམ་བཞུགས་གནང་རྒྱུ་རེད་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་། སྐུ་ཞབས་སུན་རྡར་ལཱལ་སྦ་ཧུ་གུ་ན་བཅས་རྣམ་པ་གསུམ་གྱིས་ལྷན་ཚོགས་ཀྱི་ཉིན་དང་པོའི་དབུ་འབྱེད་གསུང་བཤད་གནང་རྒྱུ་ཡིན་པ་དང༌། རྒྱ་གར་དང་བལ་ཡུལ་འབྲུག་གསུམ་ནང་གི་ཧི་མ་ལ་ཡིའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་གི་བླ་སྤྲུལ་སྐུ་ཚབ་༨༥ཙམ་ཞིག་ལྷན་ཚོགས་དེའི་ནང་མཉམ་ཞུགས་གནང་རྒྱུ་ཡིན་པ་དང༌། སྨན་རི་ཁྲི་འཛིན་༣༣པ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་ཀྱང་ཁོར་ཡུག་གི་ལྷན་ཚོགས་དེའི་ཐོག་ཕེབས་རྒྱུ་ཡིན་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་འདུག། བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁང་གི་ཁོར་ཡུག་ཚན་པས་ལྷན་ཚོགས་ཀྱི་ཉིན་དང་པོར་ཁོར་ཡུག་སྐོར་གྱི་གློག་བརྙན་གཟིགས་འབུལ་ཞུས་རྒྱུ་རེད་འདུག།