རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྲུང་སྐྱོབ་དང་འབྲེལ་བའི་རེ་སྐུལ།

ཧི་མ་ཅལ་ནང་གནས་སྡོད་བོད་མི་སྐྱབས་བཅོལ་བ་དང་བལ་པོའི་མི་རིགས་ཚོར་འདྲ་པར་ཅན་གྱི་ངོ་སྤྲོད་ལག་འཁྱེར་མཁོ་སྤྲོད་ཡོང་བའི་རེ་བསྐུལ།

༄༅༎རྒྱ་གར་བྱང་ཕྱོགས་ཧ་མ་ཅལ་མངའ་སྡེའི་སྲུང་སྐྱོབ་ཀྱི་གནད་དོན་དང་འབྲེལ་སྟེ་ཧི་མ་ཅལ་མངའ་སྡེའི་གཞུང་གིས་རྒྱ་གར་དབུས་གཞུང་ལ་མངའ་སྡེ་འདིའི་ནང་གནས་སྡོད་བོད་མི་སྐྱབས་བཅོལ་བ་དང་བལ་པོའི་མི་རིགས་ཚོར་འདྲ་པར་ཅན་གྱི་ངོ་སྤྲོད་ལག་འཁྱེར་མཁོ་སྤྲོད་ཡོང་བའི་རེ་བསྐུལ་ཞུས་ཡོད་འདུག

དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་རྒྱ་གར་གྱི་མངའ་སྡེའི་ཁག་གི་སྤྱི་ཁྱབ་བློན་ཆེན་རྣམ་པའི་ལྷན་ཚོགས་གནང་པའི་སྐབས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པེརེམ་ཀུ་མའར་རྡུ་མལ་ལགས་ཀྱིས་ཁོང་གི་མངའ་སྡེའི་ནང་བོད་མི་སྐྱབས་བཅོལ་བ་མི་གྲངས་ཉིས་ཁྲི་གསུམ་སྟོང་སྐོར་དང་བལ་པོའི་མི་རིགས་ཉིས་ཁྲི་ལྔ་སྟོང་ཙམ་གནས་སྡོད་བྱེད་བཞིན་པ་ཚོ་ངོ་སྤྲོད་འབྱུང་ཐབས་ཀྱི་ཐབས་ལམ་བསྐྲུན་རྒྱུར་དབུས་གཞུང་གིས་རོགས་རམ་གནང་དགོས་པ་གསུངས་འདུག ད་དུང་ཁོང་གིས་མངའ་སྡེའི་གསང་བའི་ལས་ཁུངས་ཁག་གི་ངོས་ནས་བོད་མི་དང་བལ་པོའི་མི་རིགས་ཚོའི་ལས་དོན་ཐད་རྟོག་ཞིབ་ནན་པོ་བྱེད་བཞིན་ཡོད་པ་གསུངས་ཤིང་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་གོང་མཐོར་གཏོང་ཕྱིར་དབུས་ཀྱི་ནང་སྲིད་དང་ཕྱི་སྲིད་ལྷན་ཁང་ནས་མངའ་སྡེའི་གཞུང་ལ་དམིགས་བསལ་མཐུན་འགྱུར་གནང་སྐྱོང་དགོས་སྐོར་གསུངས་འདུག

བཞུགས་སྒར་རྡ་རམ་ས་ལ་ནི་ཧི་མ་ཅལ་གྱི་མངའ་སྡེ་འདིའི་ནང་ཆགས་ཡོད་པ་མ་ཟད་རྡ་རམ་ས་ལ་ནི་མངའ་སྡེའི་དགུན་ཁའི་དུས་རིང་གི་རྒྱལ་ས་ཡང་ཡིན་པ་རེད། ཧི་མ་ཅལ་གྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་རྡུ་མལ་གྱིས་མངའ་སྡེའི་གཞུང་གི་ངོས་ནས་བཙན་བྱོལ་བོད་གཞུང་གི་བདེ་འཇགས་ཐད་འགྲོ་གྲོན་ཁྱོན་ཆེ་ནར་གཏོང་གནང་བཞིན་པ་གསུངས་པ་དང་སྦྲགས་དབུས་གཞུང་གི་ངོས་ནས་འགྲོ་གྲོན་དེ་དག་མངའ་སྡེའི་གཞུང་ལ་ཁ་གསབ་གནང་དགོས་སྐོར་གསུངས་འདུག

སྐུ་ཞབས་རྡ་མལ་གྱིས་གསལ་བཤད་གནང་པར་གཞིགས་ན་ཧི་མ་ཅལ་མངའ་སྡེའི་གཞུང་གིས་ས་མཚམས་སྲུང་སྐྱོབ་དང་བདེ་འཇགས་ཀྱི་ལས་དོན་སོགས་ཚུད་པའི་སྲུང་སྐྱོབ་བདེ་འཇགས་ཀྱི་ལས་དོན་ཐད་ལོ་ལྟར་རྒྱ་གར་སྒོར་མོ་བྱེ་བ་བཅིུས་འགྲོ་གྲོན་གཏོང་བཞིན་ཡོད་འདུག་པ་དང་རྒྱ་གར་དབུས་གཞུང་གིས་མངའ་སྡེའི་གཞུང་ལ་གནད་དོན་འདིའི་ཐད་སྒོར་མོ་བྱེ་བ་བཞིའི་རོགས་རམ་ཙམ་ལས་གནང་གི་མེད་པ་ཡིན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org