བདེ་སྐྱིད་ཤེས་རབ་ཅེས་པ་༧གོང་ས་མཆོག་གི་དངོས་བྱུང་མཛད་རྣམ་གྱི་གློག་བརྙན་ནི་སྟོབས་ཤུགས་ལྡན་པའི་གློག་བརྙན་ཞིག་ཏུ་གྱུར་ངེས་རེད་ཅེས། སྲིད་སྐྱོང་མཆོག་གིས་ཧི་མ་ཅཱལ་གློག་བརྙན་དུས་སྟོན་ཐོག་གསུངས་པ།

2024.10.25
བདེ་སྐྱིད་ཤེས་རབ་ཅེས་པ་༧གོང་ས་མཆོག་གི་དངོས་བྱུང་མཛད་རྣམ་གྱི་གློག་བརྙན་ནི་སྟོབས་ཤུགས་ལྡན་པའི་གློག་བརྙན་ཞིག་ཏུ་གྱུར་ངེས་རེད་ཅེས། སྲིད་སྐྱོང་མཆོག་གིས་ཧི་མ་ཅཱལ་གློག་བརྙན་དུས་སྟོན་ཐོག་གསུངས་པ། ཧི་མ་ཅཱལ་གློག་བརྙན་དུས་སྟོན་སྐབས། ༢༠༢༤།༡༠།༢༤ ཉིན།
CTA

ཟླ་འདིའི་ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་དབུས་གཙུག་ལག་སློབ་གཉེར་ཁང་ (Central University of Himachal Pradesh) དུ། ༢༠༢༤ ལོའི་རྒྱ་གར་ཧི་མ་ཅཱལ་མངའ་སྡའི་གློག་བརྙན་དུས་སྟོན་ (Him Film Festival) ཐོག་ཆེད་ཕེབས་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས། ཟླ་འདིའི་ཚེས་ ༨ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དངོས་བྱུང་མཛད་རྣམ་གྱི་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ་ (Wisdom of Happiness) ཅེས་པ་སུད་སིའི་ (Zurich) ཛུ་རིག་གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་གནང་ཡོད་པའི་སྐོར་དང་། གློག་བརྙན་དེ་བཞིན་སོ་སོའི་ཆེད་དུ་མིན་པར་གཞན་གྱི་བདེ་སྐྱིད་དང་འཛམ་གླིང་གི་བདེ་དོན་ཆེད། ༸གོང་ས་མཆོག་གིས་སྐུ་ལས་ཇི་ལྟར་བསྐྱོན་ཚུལ་གྱི་སྐོར་ཞིག་ཡིན་པས་གློག་བརྙན་དེ་བཞིན་སྟོབས་ཤུགས་ལྡན་པའི་གློག་བརྙན་ཞིག་ཏུ་གྱུར་རྒྱུའི་ཡིད་ཆེས་ཡོད་ཅེས་འགྲེལ་བརྗོད་གནང་འདུག་པ་མ་ཟད། གློག་བརྙན་དེའི་འཁྲབ་ཁྲིད་པ་དང་བཟོ་སྐྲུན་གནང་མཁན་རྣམས་དང་བཀའ་མོལ་གནང་ནས་རྒྱ་གར་ཧི་མ་ཅཱལ་ནང་དུའང་གློག་བརྙན་དེ་བཞིན་གཟིགས་འབུལ་ཐུབ་ན་ལེགས་ཞེས་གསུངས་གནང་འདུག

གཞན་ཡང་སྲིད་སྐྱོང་མཆོག་ནས་གློག་བརྙན་ཞེས་པ་ནི་མིག་གི་ལོངས་སྤྱོད་ཙམ་དུ་མ་ཡིན་པར། དེས་མིའི་མི་ཚེ་དང་ལྷག་པར་གང་ཟག་དང་སྤྱི་ཚོགས་ཀྱི་བསམ་བློ་ཁྱེར་ཕྱོགས་སྤྱི་ཡོངས་ལ་ཤུགས་རྐྱེན་ཆེན་པོ་བསྐྲུན་གྱི་ཡོད་པ་སོགས་འགྲེལ་བརྗོད་ཡོད་པ་རེད་འདུག

ཧི་མ་ཅཱལ་མངའ་སྡེའི་གློག་བརྙན་དུས་སྟོན་དེའི་ཐོག་གཞན་ཡང་དམིགས་བསལ་སྐུ་མགྲོན་དུ། ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Sudhir Sharma ལགས་དང་། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་ Manoj N. Joshi ལགས་ཀྱང་ཆེད་ཕེབས་གནང་ཡོད་པ་རེད་འདུག་ལ། སྐབས་དེར་འཁྲབ་སྟོན་པ་རྣམས་ནས་རྒྱ་གར་གྱི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་གནང་ཡོད་འདུག

རྩ་བའི་གློག་བརྙན་འཁྲབ་ཁྲིད་པ་སྦར་སྦ་ར་མིལཱར་ (Barbara Miller) ལགས་དང་། ཧྥིལིཔ་ཌེལཱ་ཁུཝེསི་(Philip Delaquis) ལགས་རྣམ་གཉིས་ཀྱིས་འཁྲབ་ཁྲིད་གནང་བ་དང་། ཨ་མི་རི་ཀའི་ཧོ་ལེ་ཝོ་ཌི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆརཌི་གྷིཡར་ (Richard Gere) ལགས་དང་། འཁྲབ་གཞུང་རྩོམ་པ་པོ་དང་གློག་བརྙན་བཟོ་བསྐྲུན་པ་ཨོརེན་མོཝར་མཎ་ (Oren Moverman) ལགས་བཅས་ཀྱིས་མཉམ་ལས་ཀྱིས་ཕབ་བསྐྲུན་གནང་བའི་བདེ་སྐྱིད་ཀྱི་ཤེས་རབ་ (Wisdom of Happiness) ཅེས་པའི་གློག་བརྙན་དེ་བཞིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མི་རྣམས་ལ་ནང་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་སྐྲུན་ཐབས་མཛད་པ་དང་། ཞི་བདེ་དང་བདེ་སྐྱིད་ལྡན་པའི་དུས་རབས་༢༡པ་བསྐྲུན་པར་ནུས་ཤུགས་བཏོན་གནང་མཛད་ཡོད་པ་གསལ་སྟོན་ཞུས་ཡོད་པ་དང་། དམིགས་བསལ་དང་ཞིབ་ཚགས་ཀྱི་ལམ་ནས་༧གོང་ས་མཆོག་གི་སྐུ་ཚེའི་མཛད་རྗེས་དང་བྱམས་བརྩེའི་ཁྱད་ཡོན་སྐོར། ད་དུང་༧གོང་ས་མཆོག་གིས་ངོ་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པའི་རིན་ཐང་ཅན་གྱི་བོད་ཀྱི་ནང་ཆོས་ཀྱི་རིག་གཞུང་དང་། གོ་ལ་གཅིག་གྱུར་གྱི་སྤྱི་ཚོགས་དང་དེང་རབས་ཀུན་ཁྱབ་ཀྱི་ལྟ་གྲུབ་ཐད་ཀྱི་དགོངས་གཞི་གཏིང་ཟབ་ཁྱབ་སྤེལ་མཛད་པ་ཁག་ཀྱང་གསལ་སྟོན་ཞུས་ཡོད་པ་དེ་བཞིན། ཟླ་ ༡༠ པའི་ཚེས་༢༠ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ (Woodstock) ཁུལ་དུ་གཟིགས་འབུལ་ཞུས་ཡོད་པ་དང་། ཟླ་ ༡༢ ཚེས་ ༥ ནས་བཟུང་སུད་སིའི་གློག་བརྙན་ཁང་ཁག་གི་ནང་གཟིགས་འབུལ་གནང་རྒྱུ་ཡིན་པ་རེད་འདུག

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎