བོད་ནང་ཆོས་དད་ལ་མུ་མཐུད་སྡུག་སྦྱོང་གཏོང་བཞིན་ཡོད་པ།
2010.11.18
༄༅༎ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་གིས་ཁ་ས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱ་ནག་གིས་བོད་ནང་གི་ནང་ཆོས་ལ་དད་མོས་ཞུ་མཁན་ཚོར་གདུག་སྦྱོང་མུ་མཐུད་གཏོང་བཞིན་ཡོད་པ་དང་ ཆོས་དད་རང་དབང་ཐོག་དམ་དྲག་དེ་ལྟ་བུ་བྱེད་ཡག་དེས་དམངས་གཙོའི་སྤྱི་ཚོགས་ལ་རྒྱབ་སྐྱོར་བྱེད་མཁན་དང་རྒྱ་ནག་གཉིས་དབར་གྱི་འབྲེལ་བར་དོ་ཕོག་ཐེབ་རྒྱུ་ཡིན་སྐོར་གསུངས་བཞག
དེ་བཞིན་ལྕམ་ཀི་ལིན་ཀྲེན་མཆོག་གིས་བོད་མི་ཚོའི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང༌། སྐད་ཡིག་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གོང་འཕེལ་ཐད་ཨ་མི་རི་ཀས་མུ་མཐུད་ཐུགས་འཚབ་གནང་གི་ཡོད་སྐོར་གསུངས་བཞག
ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བཏོན་གནང་བའི་འཛམ་གླིང་ནང་གི་ཆོས་དད་རང་དབང་སྐོར་གྱི་ལོ་འཁོར་སྙན་ཐོ་དེ་འགྲེམས་སྤེལ་གནང་སྐབས་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་གྱིས་རྒྱ་ནག་གཞུང་གིས་བོད་ནང་གི་ནང་པ་ཚོ་དང་ཡུ་གུར་ཁ་ཆེའི་མི་རིགས་དང་རྒྱ་ནག་ནང་གི་ཡེ་ཤུའི་ཆོས་ལ་དད་མོས་བྱེད་མཁན་ཚོའི་ཐོག་དྲག་རྩུབ་ཆེན་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་གསན་འཐོས་བྱུང་སྐོར་གསུངས་ཡོད་པ་དང་ ཡོ་རོབ་ནང་གི་རྒྱལ་ཁབ་འགའ་ཤས་ཀྱིས་ཆོས་དད་རང་དབང་རྩོད་ལེན་བྱེད་མཁན་ཐོག་དྲག་གནོན་བྱེད་ཀྱི་ཡོད་པའི་གནད་དོན་གྱིས་དམངས་གཙོའི་སྤྱི་ཚོགས་ཡུན་གནས་ཐུབ་རྒྱུར་འགོག་རྐྱེན་བཟོ་གི་ཡོད་སྐོར་སྐྱོན་བརྗོད་གནང་འདུག