ཨ་རིའི་ཚོང་དོན་དྲུང་ཆེ་ཕྱག་རོགས་ཐེ་ལྦན་དུ་ཕེབས་འཆར།
2011.09.10
༄༅༎བདུན་ཕྲག་རྗེས་མའི་ནང་ཨ་རིའི་ཚོང་དོན་དྲུང་ཆེ་ཕྱག་རོགས་ཐེ་ལྦན་དུ་ཕེབས་བསྐྱོད་གནང་འཆར་ཡོད་པ་དེ་ནི། འདས་པའི་ལོ་ལྔའི་ནང་ཨ་རིའི་དཔོན་རིགས་མཐོ་གྲས་ཤིག་ཐེ་ལྦན་དུ་བསྐྱོད་པ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག
དེ་ཡང་ American Institute ཞེས་ཐེ་ལྦན་ནང་ཡོད་པའི་ཨ་རིའི་ལས་དོན་ཁང་གིས། འདི་ཚེས་ ༩ ཉིན་གསལ་བསྒྲགས་གནང་བ་ལྟར་གཞིགས་ན། ཨ་རིའི་ཚོང་དོན་དྲུང་ཆེ་ཕྱག་རོགས་སུ་རེཤ་ཀུ་མའར་ཟླ་བ་འདིའི་ཚེས་ ༡༣ ནས་འགོ་འཛུགས་ཀྱིས་ཉིན་གྲངས་གསུམ་རིང་ཐེ་ལྦན་དུ་གཞུང་འབྲེལ་ལས་དོན་ཆེད་ཕེབས་གཏན་འཁེལ་ཡོད་པ་དང༌། ཁུལ་དེར་བཞུགས་ཞག་གནང་བའི་སྐབས་ ཨ་རིའི་ཚོང་དོན་དྲུང་ཆེ་ཕྱག་རོགས་སྐུ་ཞབས་སུ་རེཤ་ཀུ་མའར་ཡིས། སྲིད་འཛིན་མའ་དབྱིང་ཅོ་ཡི་གཙོས་པའི་ཐེ་ལྦན་གྱི་གཞུང་འབྲེལ་དཔོན་རིགས་མཐོ་གྲས་ཁག་ཅིག་དང༌། དེ་བཞིན་ཚོང་དོན་ཁེ་གཉེར་ལས་ཁང་ཁག་གི་འགོ་འཁྲིད་བཅས་དང་མཇལ་འཕྲད་གྲོས་མོལ་གནང་འཆར་ཡོད་སྐོར་གསུངས་པ་ལས། དབུ་འཁྲིད་རྣམ་པའི་དབར་གནད་དོན་གང་དང་གང་གི་ཐོག་བཀའ་བསྡུར་གནང་འཆར་ཡོད་མིན་སྐོར་གསལ་ཁ་གང་ཡང་སྟོན་མི་འདུག
གནས་ཚུལ་ནང་མུ་མཐུད་འཁོད་གསལ་ལ་གཞིགས་ན། ཨ་རིའི་ཚོང་དོན་དྲུང་ཆེ་ཕྱག་རོགས་སུ་རེཤ་ཀུ་མའར་བདུན་ཕྲག་རྗེས་མའི་ནང་ཐེའ་ལྦན་དུ་ཕེབས་གཏན་འཁེལ་བ་དེ་ནི། འདས་པའི་ལོ་ལྔའི་ནང་མཚོ་གླིང་རྒྱལ་ཁབ་དེར་ཨ་རིའི་དཔོན་རིགས་ཕེབས་བསྐྱོད་གནང་མཁན་མཐོ་ཤོས་དེ་ཆགས་ཀྱི་ཡོད་པ་དང༌། དེའི་གོང་དུ་ཕྱི་ལོ་ ༢༠༠༦ ལོར་ཨ་རིའི་ཚོང་འབྲེལ་སྐུ་ཚབ་ཅིག་གིས་ཐེ་ལྦན་དུ་གཞུང་འབྲེལ་ལས་དོན་ཆེད་ཕེབས་ཡོད་འདུག
ཨ་རི་དང་ཐེ་ལྦན་གཉིས་དབར་དེ་སྔ་གཞུང་འབྲེལ་ཐོག་ནས་འབྲེལ་ལམ་འཇོག་གི་ཡོད་ཀྱང༌། ཕྱི་ལོ་ ༡༩༧༩ ལོར་ཨ་རི་གཞུང་གིས་ རྒྱ་ནག་དམར་པོའི་གཞུང་ངོས་འཛིན་གྱིས། ཡུལ་དེ་དང་ཕྱི་འབྲེལ་འབྲེལ་ལམ་འགོ་འཛུགས་བྱས་པ་དང་ཆབས་ཅིག ཐེ་ལྦན་མཉམ་འབྲེལ་ལམ་བཅད་པ་ནས་བཟུང༌། རྒྱལ་ཁབ་དེའི་ནང་ཨ་རི་གཞུང་གི་ལས་དོན་ཁག་ American Institute ཞེས་དམིགས་བསལ་ཆེད་འཛུགས་བྱས་པའི་ལས་ཁུངས་ཤིག་གི་རྒྱུད་གནང་གི་ཡོད་འདུག།