རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་གྲ་སྒྲིག་ཚ་ཚ་འུར་འུར་གྱིས་གནང་བཞིན་འདུག
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་བོད་མིའི་གཞིས་ཆགས་སུ་ཆིབས་བསྒྱུར་གནང་གཏན་འཁེལ་བར་སོང་། ཕྱི་ཟླ་ ༡༢ ཚེས་ ༢༨ ཉིན་སྦེ་ལ་ཀོ་པི་བདེ་སྐྱིད་སླར་གསོའི་ཚོགས་ཁང་དུ་སྦེང་ལོར་ལྷོ་སྤྱིས་གཙོས་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་ལྔའི་ས་གནས་འགོ་འཛིན་རྣམ་པ་ལྷན་འཛོམས་ཀྱིས། ད་ལན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་སྒྱུར་སྐབས་གཞུང་ལམ་བསྐྱར་བཟོ་དང་གློག་བརྟན་པོ་ཡོང་རྒྱུ་སོགས་གནད་དོན་བདུན་ཙམ་གྱི་ཐོག་གྲ་སྒྲིག་ཞུ་རྒྱུར་བཀའ་བསྡུར་གནང་ཡོད་པ་རེད་འདུག དེའི་སྐོར་སྦེང་ལོར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་དོན་ལ། ཆིབས་སྒྱུར་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་ནི་གལ་འགངས་ཆེན་པོ་ཡིན་དུས་འབྲེལ་ཡོད་བདེ་སྲུང་ལས་ཁུངས་ཀྱི་ལམ་སྟོན་འོག་ས་གནས་ནས་ཞུ་སྒོ་མཐའ་དག་འཐུས་ཚང་ཞུ་རྒྱུ་ཡིན་པ་གསུངས་བྱུང་། མ་ཟད་ཁོང་གིས། ད་ལན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་གང་ལེགས་ཡོང་བ་དང་སྐུ་ལྷོད་བཞུགས་མཛད་རྒྱུའི་ཆེད་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་བོད་མིའི་གཞིས་ཆགས་སུ་ཆིབས་སྒྱུར་བསྐྱང་གནང་གི་ཡོད་པས། སྐབས་དེར་མཛད་འཆར་དམིགས་བསལ་མེད་སྐོར་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིར་༧མགོན་པོ་མཆོག་ཆིབས་སྒྱུར་སྐབས་བཞུགས་གནས་དེ་བཞིན་བཀྲིས་ལྷུན་པོ་དགོན་པ་ཡིན་དུས་དགོན་པའི་མཁན་བླ་འདུས་མང་གིས་གྲ་སྒྲིག་ལས་དོན་ཐོག་འབད་བརྩོན་ལྷོད་མེད་གནང་བཞིན་འདུག་ལ། སྦེ་ལ་ཀོ་པི་གཞིས་ལུགས་བདེ་གཞིས་ཁུངས་གཉིས་ཀྱི་ནང་ཡོད་པའི་ཆོས་སྡེ་ཁག་དང་གཞིས་གྲོང་ཁག་སོ་སོས། གཡས་གཡོན་གྱི་ཁོར་ཡུག་གཙང་བཟོ་དང་ཁང་པར་རྩིས་བཏང་བ་སོགས། ས་གནས་བོད་མི་སྤྱི་སྒེར་ཚང་མས་དགའ་དད་ལྡན་སྤྲོ་གསུམ་གྱི་སྒོ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་སྒྱུར་གྲ་སྒྲིག་ཚ་ཚ་འུར་འུར་ངང་ཞུ་བཞིན་ཡོད་པ་རེད་འདུག
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།