༧གོང་ས་མཆོག་ནས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིའི་ལྷན་མཇལ་མོལ་གནང་བ།


2019.08.03
༧གོང་ས་མཆོག་ནས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིའི་ལྷན་མཇལ་མོལ་གནང་བ། ཨ་རིའི་སྤྱི་མཐུན་ཚོགས་པ་དང་མང་གཙོ་ཚོགས་གཉིས་ནས་འཐུས་མི་གསུམ་རེ་ཡོད་པའི་གྲོས་ཚོགས་འཐུས་མི་དྲུག་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་ཡོད་པ།
དགའ་ལྡན་ཕོ་བྲང་།

༄༅།།བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གཟའ་སྤེན་པའི་ཉིན་ཨ་མེ་རི་ཀའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་འཐུས་མི་རྣམས་ལ་རྒྱལ་བའི་ཕོ་བྲང་ནང་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་འདུག ཨ་མེ་རི་ཀའི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་དྲུག་ལས་གྲུབ་པའི་ཆེས་མཐོའི་སྐུ་ཚབ་འཐུས་མི་རྣམས་བཞུགས་སྒར་རྒྱལ་བའི་གཟིམ་ཆུང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་བར་བཅར་སྐབས་ཐོག་མར་༧གོང་ས་མཆོག་གིས་ཆེས་མཐོའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་འཚམས་འདྲི་གནང་བ་དང་སྦྲགས་༧མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་བཞིའི་གལ་གནད་དང་ངོ་སྤྲོད་སོགས་མཛད་པ་མ་ཟད་དེང་སྐབས་༧གང་ཉིད་ནས་རྒྱ་གར་གྱི་གནའ་བོའི་རིག་གནས་ཁག་བསྐྱར་གསོ་གནང་ཐབས་གནང་གི་ཡོད་སྐོར་བཀའ་སྩལ་འདུག དེ་ནས་༧གོང་ས་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོ་ཁག་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་འཇོག་ཐབས་མཛད་བཞིན་པའི་སྐོར་བསྩལ་འདུག སྐབས་དེར་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་གནའ་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་David Price མཆོག་ནས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་ Nancy Pelosi མཆོག་གིས་ཕུལ་བའི་འཚམས་འཕྲིན་ཞིག་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་པར་མགོན་པོ་གང་ཉིད་ནས་ལྕམ་སྐུ་མཆོག་དེ་སྔ་བོད་ནང་ཨ་རིའི་གྲོས་ཚོགས་འཐུས་མིའི་གཟིགས་སྐོར་སྐུ་ཚབ་ཚོགས་ཆུང་ནང་ཡོད་པ་ཐུགས་དྲན་གསོ་མཛད་འདུག ཡང་ཁོང་ནས་ང་ཚོར་༧གོང་ས་མཆོག་གིས་དམིགས་བསལ་མཇལ་ཁ་སྩལ་གནང་མཛད་པ་དང་མཇལ་ཁ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པར་ང་ཚོས་༧མགོན་པོ་གང་ཉིད་ཀྱི་ལྷན་དུ་འབྲེལ་ལམ་མུ་མཐུད་ནས་རྒྱ་བསྐྱེད་གཏོང་རྒྱུ་དང་ད་དུང་ཡང་འབྲེལ་ལམ་འདི་གོང་འཕེལ་གཏོང་ཐབས་སུ་༧མགོན་པོ་གང་ཉིད་ཀྱིས་དགོངས་ཚུལ་གསུངས་རྒྱུར་དགའ་བསུ་ཞུ་ཡི་ཡོད་ཀྱང་ཞུས་འདུག ༧གོང་ས་མཆོག་གི་མཇལ་ཁ་གྲུབ་པའི་རྗེས་སུ་ཨ་མེ་རི་ཀའི་གྲོས་ཚོགས་འོག་མའི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་David Price མཆོག་གིས་ད་རེས་ཁོང་རྣམས་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་སྟེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་བ་དེ་ནི་ཉིན་ཤས་སྔོན་ཨིན་ཌོ་ནི་ཤི་ཡ་གཙོས་པའི་རྒྱལ་ཁབ་ཁག་ལ་ཕེབས་པ་ལས་ལྷག་པ་བྱུང་སྐོར་དང་དེ་ནི་གཙོ་བོ་༧གོང་ས་མཆོག་གི་སྐུ་ཚེའི་རྣམ་ཐར་དང་གང་ཉིད་ཀྱི་དགོངས་པ་བཞེས་སྟངས་སོགས་བརྒྱུད་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་རྣམས་མ་ཟད་ཨ་རིའི་མི་མང་གཙོས་པའི་རྒྱལ་སྤྱིའི་མི་མང་ལ་སེམས་འགུལ་ཆེན་པོ་ཐེབས་བཞིན་ཡོད་སྟབས་ཚོར་བ་དམིགས་བསལ་གྱི་བཟང་པོ་བྱུང་སྐོར་གསུངས་འདུག ཡང་༧གོང་ས་མཆོག་གིས་བཙན་བྱོལ་ནང་མང་གཙོ་ལམ་ལུགས་ལྡན་པའི་གཞུང་འཛིན་ཞིག་ཆེད་འཛུགས་གནང་བ་དེར་དུས་རྟག་ཏུ་གུས་བརྩི་དང་ཡིད་རང་བསྡགས་བརྗོད་ཞུ་ཡི་ཡོད་ལ་ཨ་རིའི་ངོས་ནས་མུ་མཐུད་ནས་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད་དགོས་ངེས་ཀྱི་མཐུན་འགྱུར་ཁག་མུ་མཐུད་ནས་གནང་རྒྱུ་ཡིན་སྐོར་ཡང་གསུངས་འདུག ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་གཞོན་Vern Buchananམཆོག་གིས་ཁོང་རྣམསཔའི་འཚམས་གཟིགས་འདི་བརྒྱུད་ཨ་རི་དང་བོད་མིའི་དབར་གྱི་འབྲེལ་ལམ་སྔར་ལྷག་གོང་འཕེལ་ཡོང་རྒྱུ་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཁག་སྒྲུབ་ཐབས་སུ་ཁོང་རྣམས་ཀྱིསའབོད་བརྩོན་གང་ཐུབ་གནང་རྒྱུ་ཡིན་སྐོར་གསུངས་འདུག དེའི་རྗེས་སུ་ཁོང་རྣམས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནང་གནས་གཟིགས་ལ་ཕེབས་ཡོད་པའི་གནས་ཚུལ་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎