༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བྱེས་ཀྱི་གདན་ས་སེ་ར་བྱེས་སྨད་དང་། བཀྲིས་ལྷུན་པོ། རྒྱུད་སྨད་གྲྭ་ཚང་བཅས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༥ རེས་གཟའ་ལྷག་པའི་ཉིན། བྱེས་ཀྱི་གདན་ས་ཆེན་པོ་སེ་ར་བྱེས་སྨད་གྲ་ཚང་ཐུན་མོང་ནས་སེ་ར་བླ་སྤྱིའི་འདུ་ཁང་དུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་ཡུན་རིང་བརྟན་སླད་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་ཡོད་པ་དང་། ༢༠༢༥ ཕྱི་ཟླ་ ༢ ཚེས་ ༡༢ ཉིན་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོས་བཀྲ་ཤིས་ལྷུན་པོའི་འདུ་ཁང་དུ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་ཡོད་པ་དགའ་ལྡན་ཕོ་བྲང་གི་དྲྭ་རྒྱའི་སྟེང་ཕྱི་ཟླ་ ༡ ཚེས་ ༣༡ ཉིན་མཛད་རིམ་གསལ་བསྒྲགས་བསྐྱངས་འདུག་ལ། དེ་བཞིན་ཟླ་ ༢ ཚེས་ ༡༧ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུའི་མཛད་རིམ་ཐུགས་གཏན་འཁེལ་ཡོད་པ་ལྟར་རྒྱུད་སྨད་གྲྭ་ཚང་གིས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་རིམ་ཐུགས་གཏན་འཁེལ་འདུག །
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།