༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་བརྒྱ་དང་བཅུ་གྲངས་བཞུགས་རྒྱུའི་ཞལ་བཞེས་བསྐྱར་ནན་མཛད་སོང་།
བྱེས་ཀྱི་གདན་ས་ཆེན་པོ་སེ་ར་བླ་སྤྱི་དང་བྱེས་སྨད་གྲ་ཚང་ཐུན་མོང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༥ རེས་གཟའ་ལྷག་པའི་ཉིན། སེ་ར་བླ་སྤྱིའི་འདུ་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཡུན་རིང་བརྟན་སླད་བླ་མ་མཆོད་པའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཐེངས་འདིར་སེ་ར་བླ་སྤྱི་དང་བྱེས་སྨད་གྲ་ཚང་ཐུན་མོང་ནས་མགོན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ད་དུང་དགུང་ལོ་བརྒྱ་དང་བཅུ་གྲངས་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་ཕེབས་སོང་།

མགོན་པོ་མཆོག་གིས་མུ་མཐུད། ཆོས་ཀྱི་རྩ་བ་ནི་དད་པ་དང་དམ་ཚིག་ཡིན་པས་སེ་འབྲས་དགའ་གསུམ་གྱི་དགེ་འདུན་པ་གཙོ་བོར་གྱུར་བའི་ནང་པའི་ཆོས་ལ་དད་པ་ཡོད་མཁན་དང་། རྒྱ་རིགས་ནང་པ། དེ་བཞིན་ནང་པའི་སེམས་ཁམས་རིག་པར་དོ་སྣང་བྱེད་མཁན་ཕྱི་རྒྱལ་ཡུལ་གྲུ་ཁག་གི་དད་ལྡན་པ་མང་པོས་ངོས་ལ་དགའ་མོས་དང་དད་གུས་ཆེན་པོ་གནང་གི་འདུག་པས། ངོས་ནས་མི་ཚེ་རིང་པོ་བསྡད་དེ་བོད་གཞིས་བྱེས་གཉིས་ཀྱི་མི་མང་གཙོ་བོར་གྱུར་བའི་ངོས་ལ་དགའ་མོས་བྱེད་མཁན་ཚང་མ་མི་ཚེ་རིང་པོ་དང་། ང་ཚོའི་དབར་གྱི་སེམས་ཐག་ཉེ་པོ་དེ་ཡུན་གནས་ཐུབ་པའི་སྨོན་འདུན་ཞུ་ཡི་ཡོད་ཅེས་བཀའ་ཕེབས་པ་དང་སྦྲགས། ལས་སྨོན་འབྲེལ་བའི་ཐོག་ནས་མགོན་པོ་མཆོག་དང་བོད་གངས་ཅན་གྱི་བསྟན་འགྲོའི་དབར་དམིགས་བསལ་འབྲེལ་བ་ཡོད་བསྡད་པ་ཞིག་ཆགས་ཡོད་པར་བརྟེན། མགོན་པོ་མཆོག་ནས་ད་བར་བོད་གངས་ཅན་གྱི་སྐྱེ་འགྲོ་ཐམས་ཅད་ཀྱི་ཆེད་དུ་གང་ཡོང་ཅི་ཡོང་གིས་བོད་བསྟན་སྲིད་དོན་སེམས་ཁོངས་རུས་པའི་གཏིང་ལ་བཅངས་ཡོད་པ་བཀའ་སྩལ་གནང་མཛད་སོང་།
ཐེངས་འདིའི་ས་ར་བླ་སྤྱི་དང་བྱེས་སྨད་གྲྭ་ཚང་ཐུན་མོང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སྐབས། བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་མཛད་ཡོད་པ་དང་། གཞན་ཡང་བརྟན་བཞུགས་ཐོག་དགའ་ལྡན་ཁྲི་པ་དང་དགའ་ལྡན་ཁྲི་ཟུར། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་རྣམ་པ། ཕྱོགས་བཞུགས་སྤྱི་འཐུས་དང་ལྷོ་སྤྱི། ས་གནས་འགོ་འཛིན་སོགས་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་ལ་ལྷན་བཞུགས་གནང་ཡོད་པ་རེད།

དེ་བཞིན་ཡོང་འགྱུར་ཟླ་ ༢ ཚེས་ ༡༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོས་བཀྲ་ཤིས་ལྷུན་པོའི་འདུ་ཁང་དུ་བརྟན་བཞུགས་བསྟར་འབུལ་དང་། ཟླ་ ༢ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཆིབས་སྒྱུར་བསྐྱང་གནང་མཛད་གཏན་འཁེལ་ཡོད་པ་ལྟར་རྒྱུད་སྨད་གྲྭ་ཚང་གིས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་རིམ་ཐུགས་གཏན་འཁེལ་འདུག

གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།