༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་པ་རྒྱས་པར་སོ་སོ་རང་ཉིད་ཀྱིས་བསླབ་པ་གསུམ་གྱི་ཉམས་ལེན་གདེང་ཁེལ་བ་ཞིག་བྱ་དགོས་པ་ལས་ཕྱིའི་རྣམ་པ་ཡར་རྒྱས་ཀྱིས་མི་ཕན་ཞེས་བཀའ་སྩལ་མཛད་པ།

2025.04.02
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་པ་རྒྱས་པར་སོ་སོ་རང་ཉིད་ཀྱིས་བསླབ་པ་གསུམ་གྱི་ཉམས་ལེན་གདེང་ཁེལ་བ་ཞིག་བྱ་དགོས་པ་ལས་ཕྱིའི་རྣམ་པ་ཡར་རྒྱས་ཀྱིས་མི་ཕན་ཞེས་བཀའ་སྩལ་མཛད་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབྲུག་པ་བཀའ་བརྒྱུད་ཀྱི་བརྟན་བཞུགས་བསྟར་འབུལ་སྐབས། ༢༠༢༥།༠༤།༠༢ ཉིན།
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཟླ་ ༤ ཚེས་ ༢ ཉིན་རྒྱ་གར་རྡོ་རྗེ་གླིང་གི་འབྲུག་གསང་སྔགས་ཆོས་གླིང་དབུས་པའི་ཀ་རྡོར་སྒང་གསུམ་དང་ལ་དྭགས། ཁུ་ནུ། གར་ཞ་དང་བལ་ཡུལ་བཅས་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་དུ་གནས་འཁོད། འབྲུག་པ་བཀའ་རྒྱུད་པའི་ལྷ་སྡེ་མི་སྡེ་ཡོངས་ཀྱིས་འབྲུག་པ་ཐུགས་སྲས་རིན་པོ་ཆེ་མཆོག་རྡོ་རྗེ་སློབ་དཔོན་དུ་དབུ་བཞུགས་གནང་སྟེ། ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་ཚེ་སྒྲུབ་གནད་དུ་སྨིན་པ་གནང་བའི་བརྒྱུད། བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་གནང་སོང་བ་དང་བསྟུན། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། “ཁྱེད་ཚོས་ཡིན་ན་ངོས་ལ་ཡིད་ཆེས་དང་། ངའི་ངོས་ནས་ཆ་བཞག་ནའང་ཁྱེད་ཚོ་འབྲུག་པ་བཀའ་རྒྱུད་ཀྱི་ཆོས་བརྒྱུད་འཛིན་པ་ཚང་མ་བསྟན་པའི་བྱ་བ་སྒྲུབ་མཁན་གལ་ཆེན་དོན་ཆེ་ཞིག་ཆགས་ཡོད་བསམས་པའི་དེ་རིང་སྐྱིད་སྣང་ཧ་ཅང་ཤུགས་ཆེན་པོ་བྱུང་།” ཞེས་བཀའ་སྩལ་མཛད་སོང་།

487503745_1065284998961655_3935228103725509739_n.jpg
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབྲུག་པ་བཀའ་བརྒྱུད་ཀྱི་བརྟན་བཞུགས་བསྟར་འབུལ་སྐབས། ༢༠༢༥།༠༤།༠༢ ཉིན།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད། “བསྟན་པ་རྒྱས་པར་སོ་སོ་རང་ཉིད་ཀྱིས་བསླབ་པ་གསུམ་གྱི་ཉམས་ལེན་གདེང་ཁེལ་བ་ཞིག་འབྱུང་དགོས་པ་དང་། ངོས་རང་ཞོགས་པ་ཡར་ལངས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉིན་ལྟར་བསམ་བློ་བཏང་གི་ཡོད་པ་དེས། སེམས་ནང་ལྷོད་ཤིག་ཤིག་ཅིག་གི་སྐྱིད་སྣང་ཧ་ཅང་ཡག་པོ་ཞིག་ཡོང་གི་འདུག” ཅེས་དང་། “གཞན་ཡང་འཛམ་གླིང་འདིར་དེང་སང་ཆོས་ལ་དོ་སྣང་བྱེད་མཁན་ཉུང་ཉུང་རེད་དེ། ནང་པའི་ཆོས་ཀྱི་བསམ་བློའི་འགྲོ་སྟངས་ཐོག་སྐྱེ་བ་སྔ་ཕྱིའི་སྐད་ཆ་མེད་པར། འཕྲལ་དུ་སེམས་བག་ཕེབས་པོ་དང་ལྷོད་ལྷོད་ཡོང་བར་མི་མང་པོ་ཞིག་གིས་དགའ་མོས་ཆེན་པོ་གནང་གི་ཡོད་པས། ང་ཚོ་ཚང་མས་སྔོན་ལ་སོ་སོས་ལག་ལེན་ཡག་པོ་བཀལ། སོ་སོ་ལ་ཉམས་མྱོང་ཡོད་པའི་ཐོག་ནས་འགྲེལ་བཤད་བརྒྱབ་ཐུབ་ན་བསྟན་པ་ལ་ཕན་གྱི་རེད་” ཅེས་ལམ་སྟོན་ཕེབས་སོང་།

488625339_1065284948961660_5272332671333051390_n.jpg
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབྲུག་པ་བཀའ་བརྒྱུད་ཀྱི་བརྟན་བཞུགས་བསྟར་འབུལ་སྐབས། ༢༠༢༥།༠༤།༠༢ ཉིན།

རྡོ་རྗེ་སློབ་དཔོན་འབྲུག་པ་ཐུགས་སྲས་རིན་པོ་ཆེ་མཆོག་གིས། དཔལ་༸རྒྱལ་དབང་འབྲུག་པ་ཐམས་ཅད་མཁྱེན་པ་མཆོག་གི་ཐུགས་དགོངས་དང་བཀའ་གཞིར་བཟུང་། བརྟན་བཞུགས་འདི་གོ་སྒྲིག་ཞུས་པ་ཞིག་དང་། ཚང་མའི་ལས་སྨོན་དང་བསོད་ནམས་ཀྱི་མཐུས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་འདི་ཙམ་བར་བཞུགས་ཐུབ་པ་ཧ་ཅང་བསྐལ་བ་བཟང་པོ་དང་། ད་དུང་ཡང་སྐུ་ཚེ་ཡུན་རིང་བརྟན་པའི་ཆེད་ང་ཚོ་ཚང་མ་རྡོག་རྩ་ཆིག་སྒྲིལ་གྱིས་བརྟན་བཞུགས་དང་གསོལ་བ་སྨོན་ལམ་འདེབས་རྒྱུ་ཤིན་ཏུ་གལ་ཆེན་ཡིན་ཞེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་བརྟན་བཞུགས་སྐབས་དམིགས་བསལ་ཚེ་སྒྲུབ་དང་ཞབས་བརྟན་སོགས་གནང་ཆེད་བཙུན་མ་བདུན་ཅུ་ལྷག་ཀྱང་ཆེད་དུ་བཅར་ཡོད་པས། ཨ་མི་ཏ་བྷ་བཙུན་དགོན་ནས་ཡིན་པ་བཙུན་མ་འཇིགས་མེད་ཚེ་བརྟན་ལགས་ཀྱིས། བརྟན་བཞུགས་འདིར་དགའ་སྣང་དང་ཚོར་བ་ཧ་ཅང་ཤུགས་ཆེ་ཞིག་བྱུང་བ་མ་ཟད། དམིགས་བསལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་བསྐྱར་དུ་ཐོབ་པར་སྐྱིད་པོ་དང་དགའ་ཚོར་དྲག་པོ་བྱུང་བ་འགྲེལ་བརྗོད་གནང་གི་འདུག

བརྟན་བཞུགས་འདིར་རྡོ་རྗེ་གླིང་གི་འབྲུག་གསང་སྔགས་ཆོས་གླིང་གདན་ས་དང་། བལ་ཡུལ་གྱི་འབྲུག་ཨ་མི་ཏ་བྷ་བཙུན་མའི་དགོན་པ། དོན་བརྒྱུད་དཔལ་ལྡན་འབྲུག་པ་བསྟན་པའི་སྦྱིན་བདག་སོགས། འབྲུག་པ་དཀར་བརྒྱུད་ཀྱི་ལྷ་སྡེ་མི་སྡེའི་སྐུ་ཚབ་སེར་སྐྱ་མི་མང་བཞི་བརྒྱ་ལྷག་ཆེད་དུ་བཞུགས་སྒར་རྡ་རམ་ས་ལར་བཅར་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎