རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཁུ་ནུ་ཡུལ་གྱི་དགོན་གྲོང་ཚང་མས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་བ།

2024.12.05
རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཁུ་ནུ་ཡུལ་གྱི་དགོན་གྲོང་ཚང་མས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་བ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
OHHDL

རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ནང་གི་ཁུ་ནུ་ཡུལ་གྱི་དགོན་གྲོང་ཚང་མའི་སྐུ་ཚབ།སེར་སྐྱ་ཕོ་མོ་ཆིག་སྟོང་བརྒྱད་བརྒྱ་ལྷག་བཞུགས་སྒར་དུ་ཆེད་བཅར་གྱིས། ཟླ་ ༡༢ པའི་ཚེས་ ༦ ཉིན། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་ཀྱི་སྒོ་ནས་བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གནང་འཆར་ཡོད་པས། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྡོ་རྗེ་སློབ་དཔོན་མཁས་གྲུབ་ཆེན་པོ་ཁུ་ནུ་རྒན་རིག་འཛིན་བསྟན་པ་མཆོག་གི་སྤྲུལ་སྐུ་རྒྱ་བུང་རིན་པོ་ཆེ་དབུ་བཞུགས་ཀྱིས། ཟླ་ ༡༢ ཚེས་ ༥ ཉིན་མོ་འདིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་གནང་བཞིན་པ་དང་། ལྷག་པར་ཁུ་ནུའི་ཡུལ་གྱི་མི་སྐྱ་ཕོ་མོ་ཧ་ཅང་མང་པོས་རང་ཡུལ་གྱི་ཐོན་རྫས་ཀུ་ཤུ་དང་ཁམ་བུ་སྣ་ཚོགས་སོགས་བསྣམས་ཏེ། བཞུགས་སྒར་དུ་ཆེད་ཕེབས་ཀྱིས་བརྟན་བཞུགས་གྲ་སྒྲིག་གནང་གི་ཡོད་པས། བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་བཀྲ་ཤིས་ལྷུན་པོའི་དགེ་བཤེས་ཁུ་ནུ་བ་བསྟན་འཛིན་ཀུན་དགའ་ལགས་ནས།བརྟན་བཞུགས་འདི་གལ་ཆེན་དོན་ཆེན་དུ་བརྩིས་ནས་ཁུ་ནུ་སྟོད་སྨད་བར་གསུམ་གྱི་གྲོང་གསེབ་ཆེ་ཆུང་བརྒྱ་ལྷག་ནས་སྐུ་ཚབ་མི་སྣ་ཁག་བཞུགས་སྒར་དུ་བཅར་ཡོད་པ་ངོ་སྤྲོད་གནང་གི་འདུག

གཞན་ཡང་ཁོང་གིས་ད་རེས་ཁུ་ནུའི་ཡུལ་གྱི་བླ་སྤྲུལ་གལ་ཆེན་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་ཁུ་ནུ་རྒན་རིག་འཛིན་བསྟན་པ།ཁུ་ནུ་བླ་མ་རིན་པོ་ཆེ་སོགས་ཀྱི་སྤྲུལ་སྐུ་རྣམ་པ་ལྔ་ཆེད་ཕེབས་གནང་བ་དང་མཚུངས་སུ། ཆོས་བརྒྱུད་རིས་མེད་ཀྱི་གྲྭ་བཙུན་ཁག་བརྒྱ་དང་ཉི་ཤུ་ཙམ་གྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚེ་སྒྲུབ་གནང་གི་ཡོད་ཐོག ཁུ་ནུ་མི་མང་གིས་༧གོང་ས་མཆོག་གི་བཀའ་བཞིན་སྒྲུབ་པའི་མཆོད་པ་སྟེ། གཙོ་ཆེ་ཤོས་མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གང་ཐུབ་ལག་བསྟར་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཡང་ཁུ་ནུ་ཡུལ་ནས་བརྟན་བཞུགས་དུ་བཅར་པ་བཙུན་མ་དཀོན་མཆོག་དཔལ་མོ་ལགས་ནས་ཀྱང་།སང་ཉིན་ཁུ་ནུ་མི་མང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་རྒྱུ་བྱུང་བ་ནི་ཧ་ཅང་བསྐལ་བ་བཟང་པོ་དང་། མགོན་པོ་གང་གི་སྐུ་ཚེ་མཛད་འཕྲིན་རྒྱས་པ་དང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་པའི་སྨོན་ལམ་གནང་གི་འདུག ཡང་ཁུ་ནུ་ནས་ཡིན་པ་ཤེས་རབ་བློ་གསལ་ལགས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་ཡིན་པར་ཧ་ཅང་གིས་དགའ་སྤྲོ་དང་། ཁོ་རང་གཙོས་པའི་ཁུ་ནུ་སྟོད་ཀྱི་ཁབ་རྣམ་རྒྱལ་གྱི་ཕྱོགས་ནས་མི་མང་བཞི་བརྒྱ་ལྷག་ཡོང་ཡོད་པས། མཇལ་ཁ་ཡག་ཡོང་བའི་རེ་བ་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཁུ་ནུ་ཡུལ་ནི་སྟོད་མངའ་རིས་ཀྱི་ས་ཆ་དང་འདབས་འབྲེལ་དུ་ཆགས་ཡོད་པས།སྔ་མོ་ནས་བོད་དང་ཆོས་དང་རིག་གཞུང་། སྤྱི་ཚོགས་ཀྱི་གོམས་གཤིས། ཚོང་ལས་སོགས་ཀྱི་འབྲེལ་ལམ་གཏིང་ཟབ་ཡོད་པ་མ་ཟད། ས་གནས་དེར་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཕལ་ཆེ་བ་དར་རྒྱས་ཆེན་པོ་དང་མི་འབོར་བརྒྱད་ཁྲི་ཡས་མས་ཡོད་པའི་རྒྱ་གར་གྱི་ས་གནས་ཤིག་ཆགས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎