སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་གྲོལ་གླིང་བཙུན་དགོན་གྱི་མཁན་མོ་ཐོན་རིམ་དང་པོ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ།
༢༠༢༥ ཟླ་ ༡ ཚེས་ ༢༢ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་གདན་ས་བཀྲིས་ལྷུན་པོའི་དགོན་པའི་ནང་། རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་རྣམ་གྲོལ་གླིང་དགོན་པའི་ཁྱབ་ཁོངས་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་བཙུན་དགོན་གྱི་བཙུན་མ་མཁན་མོ་ཐོན་རིམ་དང་པོའི་གྲས་ ༢༠ ལ་མཇལ་ཁ་སྩལ་གནང་མཛད་པ་དང་སྦྲགས། བཙུན་མ་ཚོས་སངས་རྒྱས་ཀྱི་བསྟན་པ་རྒྱས་ཐབས་སུ་གང་ཐུབ་ཞབས་འདེགས་སྒྲུབ་དགོས་པའི་བཀའ་སློབ་སྩལ་གནང་ཡོད་པ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད། མགོན་པོ་༧གང་ཉིད་བཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་དགེ་སློང་ཞིག་ཡིན་པའི་ངོས་ནས། བསྟན་པའི་ཞབས་འདེགས་སྒྲུབ་ཐབས་སུ་ཐུགས་བརྩོན་གནང་བཞིན་ཡོད་པ་ལྟར་བཙུན་མ་ཚོས་ཀྱང་དེ་ལྟར་གནང་དགོས་པའི་ལམ་སྟོན་མཛད་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་གཞིས་ཁོངས་ཀྱི་བོད་མི་སྐྱ་སེར་དགུང་ལོ་ ༧༠ ནས་ ༧༩ བར་དང་། དེ་བཞིན་ ༦༠ ནས་ ༦༩ བར་ཚོགས་ཁག་གཉིས་སུ་དབྱེས་བའི་ཁྱོན་མི་གྲངས་ ༢༡༩ དང་། སྦེ་ལ་ཀོ་པིར་གནས་བཞུགས་གཞུང་ཞབས་བགྲེས་ཡོལ་ཕེབས་པ་རྣམས་དང་རྒྱ་གར་བ། དེ་བཞིན་ཕྱི་རྒྱལ་ནས་ཕེབས་པའི་བོད་མི་དང་སོག་རིགས། གཞན་ཡང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དད་ལྡན་པ་བཅས་ཁྱོན་ ༤༦༩ ཙམ་ལ་མཇལ་ཁ་སྩལ་གནང་མཛད་ཡོད་པ་རེད།
ཐེངས་འདིར་མཇལ་བཅར་བ་ཚང་མས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་སྐལ་བཟང་གི་གོ་སྐབས་ཐོབ་རྒྱུར་ངང་སྒུག་ཆེན་པོ་ཞུས་ཞིང་། མཇལ་ཁ་གྲུབ་མཚམས་ཁོང་རྣམས་ཀྱིས་དགའ་ཚོར་ཆེན་པོ་བྱུང་ཡོད་སྐོར་དང་མ་འོངས་སླར་ཡང་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་གོ་སྐབས་ཐོབ་པའི་རེ་སྨོན་ཞུ་གི་འདུག དེ་ཡང་རྒྱུད་སྨད་གྲྭ་ཚང་གི་སྔགས་རམས་པ་རྒན་ཡོན་ཏན་ལགས་ཀྱིས། ཟླ་བ་རྗེས་མའི་ཟླ་དཀྱིལ་ཙམ་ཞིག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཧུན་སུར་རབ་རྒྱས་གླིང་དུ་ཆགས་པའི་རྒྱུད་སྨད་གྲྭ་ཚང་དུ་ཆིབས་སྒྱུར་བཀྲིན་བསྐྱང་གནང་མཛད་དེ་གྲྭ་ཚང་དུ་ཉིན་གཉིས་བཞུགས་ཞག་མཛད་ཡུན་རིང་། གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་ཕྱག་བཞེས་དང་འབྲེལ་མགོན་པོ་༧གང་ཉིད་ལ་བརྟན་བཞུགས་བསྟར་འབུལ་ཞུ་འཆར་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།