༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཁོངས་དགུང་ལོ་ ༦༠ ནས་ ༧༩ བར་གྱི་བགྲེས་སོང་ ༣༥༠ ལ་མཇལ་ཁ་སྩལ་བ།

2025.01.31
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཁོངས་དགུང་ལོ་ ༦༠ ནས་ ༧༩ བར་གྱི་བགྲེས་སོང་ ༣༥༠ ལ་མཇལ་ཁ་སྩལ་བ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁའི་སྐབས། ༢༠༢༥།༠༡།༣༡ ཉིན།
OHHDL

ཟླ་བ་འདིའི་ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཀྱི་བོད་མི་དགུང་ལོ་ ༧༠ ནས་ ༧༩ བར་དང་། དེ་བཞིན་ ༦༠ ནས་ ༦༩ བར་བཅས་སྡེ་ཁག་གཉིས་ཀྱི་དད་ལྡན་པ་ ༣༣༠ ཙམ་གྱིས་གཙོས་པའི། འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་བོད་མི་དང་རྒྱ་གར་བ། ཕྱི་རྒྱལ་མི་རིགས་ཁག་གཅིག་བཅས་ཁྱོན་ཕྱི་ནང་དད་ལྡན་པ་ ༥༠༠ བརྒལ་བར་མཇལ་ཁ་བཀའ་དྲིན་སྩལ་གནང་མཛད་འདུག

IMG_9331.jpg
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁའི་སྐབས། ༢༠༢༥།༠༡།༣༡ ཉིན།

མཇལ་བཅར་བའི་ཁྲོད་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཀྲ་ཀ་མངའ་སྡེའི་བྷི་དྷར་ཞེས་པ། སྦེ་ལ་ཀོ་པི་ནས་རྒྱང་ཐག་སྤྱི་ལེ་ ༡༠༠༠ ཡིན་པའི་ས་གནས་ནས། ཨ་ཝི་ནཤ་དང་ཁོང་གི་དགེ་རྒན་དང་ཨ་མ་ལགས་བཅས་མི་གྲངས་བརྒྱད་ཕེབས་འདུག་ལ། མཇལ་ཁ་གྲུབ་མཚམས་ཁོང་གིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་དོན་ལ། ཐེངས་འདིར་ཁོང་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་བྱིན་རླབས་ཐོབ་པར་དགའ་སྤོབས་ཆེན་པོ་བྱུང་སྐོར་དང་སྦྲགས། རྨི་ལམ་མངོན་འགྱུར་ལྟ་བུ་བྱུང་ཞེས་དང་། ཁོང་རྣམས་ནི་ནང་པ་ཡིན་ཞིང་གནས་སྡོད་ས་གནས་སུ་ནང་པའི་དགོན་པ་ཡོད་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

མ་ཟད་ཐེངས་འདིར་རྒྱ་གར་ཀར་ན་ཀྲ་ཀ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་མ་ཧ་དེ་ཝ་དང་ཁོང་གི་ལས་རོགས་ཁག་གཅིག་ནས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པ་དེ་བཞིན་ཁོང་རྣམས་ལ་མཚོན་ཐེངས་དང་པོ་ཆགས་ཀྱི་ཡོད་པས་དགའ་ཚོར་ཆེན་པོ་བྱུང་སྐོར་འགྲེལ་བརྗོད་གནང་གི་འདུག་ལ། མཇལ་བཅར་བ་ཀོ་ལེ་གྷལ་བོད་མི་བགྲེས་རྣམས་ཀྱིས་མཚོན་པའི་ཕྱི་ནང་བོད་མི་མཇལ་ཞུ་བ་ཕལ་ཆེ་བས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་སྐལ་བཟང་གི་གོ་སྐབས་ཐོབ་པར་དགའ་དད་སྤྲོ་གསུམ་གྱི་ཚོར་ཤུགས་ཆེན་པོས་མིག་ཆུ་གཏོང་གིན། མགོན་པོ་གང་ཉིད་སྐུ་ཚེ་ཡུན་རིང་བརྟན་པ་དང་བོད་དོན་བདེན་མཐའ་སེལ་བ་སོགས་ཀྱི་སྨོན་འདུན་ཞུ་ཡི་འདུག

གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་ཆེན་པོས་ཟླ་བ་འདིའི་ཚེས ༨ ནས་དབུ་བཙུགས་ཀྱིས། བདུན་རེའི་རེས་གཟའ་ཟླ་བ་དང་ལྷག་པ། དེ་བཞིན་པ་སངས་འཆར་ཅན་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་གི་བགྲེས་སོང་རྣམས་གཙོས་པའི་ཕྱི་རྒྱལ་དད་ལྡན་པ་སོགས་ལ་རིམ་པས་མཇལ་ཁ་སྩལ་བཞིན་ཡོད་པ་ལྟར། ཐེངས་འདིའི་མཇལ་ཁ་དེ་བཞིན་མགོན་པོ་གང་ཉིད་མཆོག་གིས། ཟླ་ ༡ ཚེས་ ༨ ནས་འགོ་འཛུགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ས་གནས་སུ་མང་མཇལ་སྩལ་བ་ཐེངས་བཅུ་པ་དེ་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། པདྨ་དངོས་གྲུབ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎