༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔགས་ཀྱི་སློབ་གཉེར་ཐོན་རིམ་དྲུག་པའི་དགེ་བཤེས་མ་དགུ་དང་སོག་རིགས་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་སྩལ་བ།
ཟླ་ ༡༢ པའི་ཚེས་ ༡༨ ཉིན་གྱི་སྔ་དྲོར་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔགས་རིམ་ཐོན་པའི་སྔགས་ཀྱི་སློབ་གཉེར་ཐོན་རིམ་དྲུག་པའི་ཁོངས་སུ་བཙུན་དགོན་སྒྲོལ་མ་གླིང་ནས་དགེ་བཤེས་མ་བདུན་དང་། བྱང་ཆུབ་ཆོས་གླིང་ནས་དགེ་བཤེས་མ་གཉིས་བཅས་ཁྱོན་དགེ་བཤེས་མ་དགུ་ལ་མཇལ་ཁ་སྩལ་གནང་ཡོད་པ་ནི། ལོ་ལྟར་བཞིན་ཡིག་རྒྱུགས་ཚར་རྗེས་ཐོན་མཇལ་ཞུས་བར་བཅར་ཡོད་ཅིང་། ཐེངས་འདིར་མཇལ་ཁ་ཞུས་མཁན་ཧ་ཅང་མང་པོ་ཡོད་ཙང་དམིགས་བསལ་བཀའ་སློབ་ཕེབས་མེད་ཀྱང་། ༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ད་བར་དགེ་བཤེས་མ་ཐོན་ཟིན་པ་གྲངས་ ༧༣ དང་སྔགས་རིམ་ཐོན་ཟིན་པ་ ༥༧ བྱུང་ཡོད་ཅེས། བཙུན་མའི་ལས་འཆར་གྱི་འགན་འཛིན་སྣང་བཟའ་ཆོས་སྒྲོན་ལགས་ཀྱི་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་མཇལ་བཅར་བ་དགེ་བཤེས་མ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས། ཁོང་ལ་དེ་ལྟ་བུའི་སློབ་སྦྱོང་གི་གོ་སྐབས་དང་དེའི་བརྒྱུད་རིམ། དེ་བཞིན་ད་ལྟའི་འབྲས་བུ་ཡོད་ཚད་༧མགོན་པོ་མཆོག་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། ད་ལན་༸མགོན་པོ་མཆོག་གི་མཇལ་ཁ་ཐོབ་པར་བསྐལ་བ་བཟང་པོ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་ཐེངས་འདིར་༸གོང་ས་མཆོག་གིས། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་བཞིན་པའི་སོག་པོ་དགའ་ལྡན་ཐེགས་ཆེན་གླིང་གི་སྲས་རྡོ་རྗེ་ནོ་མོན་ཧན་རིན་པོ་ཆེ་དང་སྲས་རྡོ་རྗེ་ནོ་མོན་ཧན་གྱི་ཆོས་ཚོགས་ནས་མི་གྲངས་ ༧༠ ལྷག་ལ་ཡང་མཇལ་ཁ་སྩལ་གནང་ཡོད་པ་དང་། དེའི་སྐོར་བཞུགས་སྒར་རིག་ལམ་སློབ་གཉེར་ཁང་དུ་སློབ་གཉེར་གནང་བཞིན་པའི་རྒན་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས། སོག་པོ་མང་ཚོགས་ནས་༸མགོན་པོ་མཆོག་འགྲོ་བའི་དོན་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་སྟོན་པ་ཐུབ་པའི་དབང་པོའི་མཚན་སྔགས། ༸རྒྱལ་བའི་མཚན་སྔགས། ཕྱག་ན་རྡོ་རྗེའི་མཚན་སྔགས། སྤྱན་རས་གཟིགས་ཀྱི་མཚན་སྔགས་མ་ཎི་ཡིག་དྲུག་གསོག་སྒྲུབ་གནང་ཡོད་སྐོར། སྐྱབས་འཇུག་སྙན་གསེང་ཞུས་པར་༸མགོན་པོ་མཆོག་ཐུགས་དགྱེས་ཚོར་བྱུང་ཞེས་བཀའ་ཕེབས་ཡོད་སྐོར་དང་། སོག་རིགས་དད་ལྡན་པ་ཁོང་རྣམས་ལ་མཚོན་ན་༸གོང་ས་མཆོག་ལས་རྩ་ཆེ་བའི་བླ་མ་གཞན་སུ་ཡང་མེད་ཅེས་འགྲེལ་བརྗོད་གནང་བྱུང་།
རྩ་བའི་གཟའ་འཁོར་རེའི་ནང་ཉིན་གསུམ་རེར་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཨུ་རུ་སུ་དང་སོག་པོ། འབྲུག དབྱིན་ཡུལ་སོགས་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་མང་ཚོགས་ལ་མཇལ་ཁ་སྩལ་གནང་གི་ཡོད་པ་རེད།
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།