སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧སྐུའི་ཞབས་པུས་དྭངས་སྐྱེད་ཡག་པོ་བྱུང་བཞིན་ཡོད་པ་བཀའ་གནང་འདུག

2024.12.23
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧སྐུའི་ཞབས་པུས་དྭངས་སྐྱེད་ཡག་པོ་བྱུང་བཞིན་ཡོད་པ་བཀའ་གནང་འདུག མཇལ་བཅར་བ་རྣམས་ཀྱི་མཇལ་ཁ་གྲུབ་མཚམས་ཀྱི་རྣམ་པ། ༢༠༢༤།༡༢།༢༣
RFA/ Tenzin Woser
ཁ་སྣོན།ཿ རྒྱ་གར་ལྷོ་ཕྱོགས་སུ་ཆིབས་ཞལ་བསྒྱུར་རྒྱུའི་ཚེས་གྲངས་ལ་འགྱུར་བ་སོང་པ།

ཟླ་ ༡༢ ཚེས ༢༣ རེས་གཟའ་ཟླ་བ་ཉིན་གྱི་སྔ་དྲོར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་མང་ཚོགས་ ༣༠༠ ཙམ་ལ་མཇལ་ཁ་སྩལ་གནང་མཛད་ཡོད་པ་དང་། རོའི་ཊརསི་གསར་སྤེལ་ཁང་གི་གསར་འགོད་པ་ཞིག་གིས་སྐུ་གཟུགས་གནས་བབ་སྐོར་བཀའ་དྲི་ཞུས་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ "ངའི་རྨི་ལམ་ལྟར་ན་ང་ལོ་ ༡༡༠ བར་དུ་འཚོ་སྲིད་པ་རེད་" ཅེས་བཀའ་ལན་ཕེབས་འདུག དེ་བཞིན་རྒྱ་གར་དང་ཕྱི་རྒྱལ་ནས་ཕེབས་པའི་མི་གྲངས་ ༣༠༠ ལྷག་ལ་མཇལ་ཁ་སྩལ་རྗེས་རོའི་ཊརསི་གསར་ཁང་གི་གསར་འགོད་པར་དུས་ཡུན་སྐར་མ་འགའི་རིང་བཀའ་མོལ་གནང་ཞིང་། ༧ཞབས་པུས་ཀྱི་གནས་སྟངས་དྲག་སྐྱེད་ཕེབས་ཀྱིན་ཡོད་པ་གསུངས་པ་དང་། འདིའི་ཐད་"དཀའ་ངལ་ཆེན་པོ་གང་ཡང་མི་འདུག" ཅེས་བཀའ་གནང་འདུག

ཕྱི་ཚེས་ ༢༣ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུ་མཁན། ད་ལྟའི་ཆར་ཤེས་རབ་གླིང་དུ་སློབ་གཉེར་གནང་བཞིན་པའི་དགེ་འདུན་པ་མོན་རྟ་དབང་ནས་ཡིན་པ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། དེ་རིང་ཁོང་གིས་མོན་རྟ་དབང་གི་ལུང་ཁུག་ཅིག་ནས་མི་གྲངས་ ༢༢ ༧མགོན་པོ་མཆོག་གི་མཇལ་ཁ་ཞུ་བར་ཁྲིད་ཡོད་པ་དང་། ཁོང་རྣམས་ཆ་ཚང་༸མགོན་པོ་མཆོག་ལ་དད་གུས་ཆེན་པོ་ཞུ་མཁན་ཤ་སྟག་ཡིན་པས། ད་རེས་ཐེངས་དང་པོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པར་དགའ་ཚོར་ཆེན་པོ་བྱེད་ཀྱི་འདུག་ཅེས་གསུངས་བྱུང་།

ཡང་ལ་དྭགས་ཟངས་དཀར་ནས་ཡིན་པའི་ཨ་མ་ཚེ་རིང་སྒྲོལ་ཆུང་ལགས་ཀྱིས། ཐེངས་འདིར་ཁོང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་སྐབས་སེམས་ཚོར་ཧ་ཅང་སྐྱིད་པོ་བྱུང་ནས་མིག་ཆུ་ཤོར་སོང་ཞེས་འགྲེལ་བརྗོད་གནང་བྱུང་ལ། རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་བོད་མིའི་གཞིས་ཆགས་ནས་ཡིན་པའི་དབྱངས་ཅན་སྒྲོལ་དཀར་ལགས་ཀྱིས། ཐེངས་འདིར་ཁོང་ལ་༧གོང་ས་མཆོག་གི་མཇལ་ཁ་ཐོབ་པ་ནི་ཐེངས་དང་པོ་ཡིན་པས་ཧ་ཅང་དགའ་པོ་བྱུང་ཡོད་སྐོར་དང་། རིང་མིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་༧ཆིབས་སྒྱུར་གནང་རྒྱུར་སོང་ཁོང་ཡང་གང་མགྱོགས་གཞིས་ཆགས་སུ་འགྲོ་འཆར་ཡོད་སྐོར་གསུངས་བྱུང་།

འབྲུག་རྒྱལ་ཁབ་ནས་ཕེབས་པའི་མཇལ་བཅར་བ་རྗེ་བཙུན་ཡིད་འོང་གསལ་སྒྲོན་ལགས་ཀྱིས་ཁོང་ཐེངས་འདིར་བཞུགས་སྒར་དུ་བཅར་ཐེངས་དང་པོ་དེ་ཡིན་ཞིང་། ༧གོང་ས་མཆོག་གི་མཇལ་ཁ་ཐོབ་པ་ནི་ཁོང་ནས་ཡུན་རིང་རེ་སྒུག་ཞུས་པའི་རྨི་ལམ་ཞིག་མངོན་སུམ་དུ་གྱུར་བ་ལྟ་བུ་ཞིག་བྱུང་ཞེས་གསུངས་ཀྱི་འདུག

རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདུན་རེའི་ནང་ཉིན་གསུམ་རིང་བཞུགས་སྒར་དུ་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་པ་རྣམས་ལ་མཇལ་ཁ་སྩལ་གནང་གི་ཡོད་ཀྱང་། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༢ ཉིན་མགོན་པོ་མཆོག་བཞུགས་སྒར་ནས་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་ཞལ་བསྒྱུར་རྒྱུའི་གསལ་བསྒྲགས་ཤིག་དགའ་ལྡན་ཕོ་བྲང་ནས་གནང་ཡོད་ཀྱང་། ད་ཆ་ཉིན་གཅིག་ཕྱིར་འགྱངས་ཀྱིས་ཕྱི་ཚེས་ ༣ ཉིན་ཆིབས་ཞལ་བསྒྱུར་གནང་རྒྱུ་ཡིན་འདུག་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་བཞུགས་གདན་འཇགས་ཡུན་རིང་བཞུགས་སྒར་དུ་མཇལ་ཁ་མེད་ཅེས་བརྡ་ཁྱབ་གནང་འདུག

གསར་འགོད་པ། རྡོ་རྗེ་སྒྲོལ་མ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ། བསྟན་འཛིན་པདྨ།

དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎