ཨེ་ཤེ་ཡའི་ཡུལ་གྲུ་ཁག་ཅིག་གི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༨ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་སྔ་བསྣུར་གྱིས་སྲུང་བརྩིས་ཞུས་ཡོད་པ།

2023.07.01
ཨེ་ཤེ་ཡའི་ཡུལ་གྲུ་ཁག་ཅིག་གི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༨ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་སྔ་བསྣུར་གྱིས་སྲུང་བརྩིས་ཞུས་ཡོད་པ།
དགའ་ལྡན་ཕོ་བྲང་ཡིག་ཚང་།

འདི་ལོ་ཕྱི་ཟླ་ ༧ ཚེས་ ༦ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༨ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན། ཕྱི་ཟླ་ ༧ ཚེས་༡ ཉིན་ཐེ་ཝན་གྱིས་གཙོས་ཨེ་ཤེ་ཡའི་ཡུལ་གྲུའི་ནང་གི་དད་ལྡན་སློབ་མ་ ༢༠༠༠ ལྷག་འདུ་འཛོམས་ཀྱིས་སྲུང་བརྩིས་ཞུས་གནང་འདུག
༧སྐུའི་འཁྲུངས་སྐར་སྲུང་བརྩིའི་དུས་སྟོན་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་ནས་དྲ་ཐོག་དབུ་བཞུགས་མཛད་ཡོད་ཅིང་། གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་པ་ཡོང་ལ་བཀའ་སློབ་ཕེབས་དོན་ལྟར་ན། ༧མགོན་པོ་མཆོག་གིས་ད་ལྟའི་༧སྐུ་ཁམས་ཀྱི་གནས་བབ་དང་གཙོ་བོ་ཐུགས་སེམས་ཀྱི་ཞི་བདེའི་ངང་འཚོ་བཞུགས་ཡོད་པའི་ཆ་ནས་དགོངས་པ་བཞེས་དུས་འབྱུང་འགྱུར་ལོ་ ༡༥ - ༢༠ ཏན་ཏན་༧སྐུ་འཚོ་བཞུགས་མཛད་རྒྱུ་ཡིན་པ་གསུངས་པ་དང་།  ༧གང་ཉིད་ཀྱི་ཇི་ཙམ་གྱི་སྐུ་ཚེ་རིང་བ་བཞུགས་པ་དེའི་རིང་། བསྟན་པ་དང་འགྲོ་བའི་དོན་ངེས་པར་དུ་རླབས་ཆེན་པོ་ཞིག་སྒྲུབ་ཐུབ་པའི་ཐུགས་ཡིད་ཆེས་གནང་གི་ཡོད་པ་དང་།  སྟོན་པ་བཀའ་དྲིན་ཅན་གྱི་ཞབས་འདེགས་གྲུབ་རྒྱུར་༧གང་ཉིད་ཀྱི་༧སྐུ་ཚེ་ཡུན་རིང་བརྟན་གནང་མཛད་རྒྱུ་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་སྟབས། སྟོན་པའི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་རྒྱུར་༧གང་ཉིད་༧སྐུ་ཚེ་རིང་པོ་བརྟན་ཐུབ་རྒྱུར་ཐུགས་སྨོན་མཛད་བཞིན་ཡོད་པ་གསུངས་པ་དང་།  དེ་བཞིན་དཀར་ཕྱོགས་སྐྱོང་བའི་སྲུང་མ་ཚང་མས་དེ་དེ་བཞིན་གྱི་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་གནང་མཁན་ཞིག་ཆགས་གི་ཡོད་པ་བཀའ་ཕེབས་འདུག
སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འགྲོ་བ་མི་ཚང་མ་གཅིག་འགྱུར་ཡིན་དུས།  རང་རང་གི་བསམ་བློ་བཅོས་སྒྱུར་ཡག་པོ་བཏང་བ་ཡིན་ན་ཁྱེད་ཚོ་ལ་ཡང་ཕན་ཐོགས་ཡོང་རྒྱུ་བརྒྱ་ཆ་ ༡༠༠ ངེས་པ་གཅིག་མཚུངས་ཡིན་དུས་ཚང་མས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉམས་ལེན་གནང་དགོས་སྐོར་བཀའ་ཕེབས་ཡད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་། ནང་པ་སངས་རྒྱས་པའི་ཆོས་ཟེར་བ་དེ་དད་པ་གཅིག་པོར་བརྟེན་ནས་གནང་རྒྱུ་ཞིག་མིན་པར་གཙོ་བོ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཐོག་ནས་བསམ་བློ་གཏོང་ཡག་ཡོད་པ་དང་། དེ་ཡང་དེང་སང་གི་ཚན་རིག་དང་མཐུན་པ། ལྷག་པར་སེམས་ཀྱི་ཞེ་བདེའི་བརྒྱུད་ནས་ལུས་པོ་བདེ་ཐང་ཡོང་བར་ཕན་ཐོགས་ཡོད་པ།  གཙོ་ཆེ་སེམས་པ་བཟང་པོ་བྱེད་རྒྱུ་བཅས་ཡིན་དུས་ཚང་མས་ཁ་ཞེ་གཉིས་མེད་ཐོག་ནས་སེམས་པ་བཟང་པོ་བྱེད་རྒྱུ་དེ་སངས་རྒྱས་པའི་ཆོས་ཀྱི་བསླབ་བྱ་སྙིང་པོ་དང་སངས་རྒྱས་ཀྱི་གོ་འཕང་འགྲུབ་རྒྱུའི་ཐབས་ཡག་ཤོས་དེ་ཡིན་པ་བཀའ་སློབ་བསྩལ་གནང་འདུག
ད་རེས་ཀྱི་སྐུའི་འཁྲུངས་སྐར་སྲུང་བརྩིས་ཞུས་པའི་དུས་སྟོན་ཐོག་ཐེ་ཝན་གཙོས་པས་ཨེ་ཤེ་ཡའི་ཡུལ་གྲུའི་ནང་པ་ཙམ་མིན་པར་ས་ཁུལ་དེ་དག་ནང་གི་ཁ་ཆེའི་ཆོས་ལུགས་ཀྱི་དད་ལྡན་པ་མང་པོ་ཞིག་གིས་ཀྱང་མཉམ་ཞུགས་གནང་ཡོད་འདུག
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎