༸གོང་ས་མཆོག་གིས་ཁལ་ཁ་༸རྗེ་བཙུན་དམ་པའི་མཆོག་སྤྲུལ་རིན་པོ་ཆེ་སོགས་སོག་རིགས་ཀྱི་གདུལ་བྱ་རྣམ་པར། བདེ་མཆོག་ནག་པོ་སྤྱོད་པའི་ལུགས་ཀྱི་བཀའ་དབང་གི་སྟ་གོན་གནང་བ།

བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ལ་སོག་ཡུལ་གྱི་རྒྱལ་ས་ཨཱུ་ལན་སྦ་ཏར་དུ་རྟེན་གཞི་ཆགས་པ་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་གསོལ་འདེབས་ཞུས་པ་ལྟར།བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་མཆོག་གིས་སྤྱི་ཟླ་༣པའི་ཚེས་༨ཉིན། ཆེད་དུ་བྱ་བའི་གདུལ་བྱ་ཁལ་ཁ་༸རྗེ་བཙུན་དམ་པ་སྐུ་ཕྲེང་དགུ་པའི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་སྟེ། དགུང་ལོ་བདུན་ལ་ཕེབས་པ་ཁལ་ཁ་༸རྗེ་བཙུན་དམ་པ་སྐུ་ཕྲེང་༡༠གཙོ་བོར་བྱས་ཏེ། སོག་རིགས་ཀྱི་དད་ལྡན་སེར་སྐྱ་ཉིས་སྟོང་བརྒལ་བར། དཔལ་འཁོར་ལོ་བདེ་མཆོག་ནག་པོ་སྤྱོད་པའི་ལུགས་ཀྱི་བཀའ་དབང་སྟ་གོན་གནང་སོང་ལ། སྐབས་དེར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་“ངོས་རང་ནག་པོ་བ་ལ་འབྲེལ་བ་ཞིག་ཏན་ཏན་ཡོད་པའི་བཟོ་འདུག་པ་དང་། འཁོར་ལོ་བདེ་མཆོག་ལ་ལཱུ་ནག་དྲིལ་གསུམ་གྱི་ལུགས་མི་འདྲ་བ་གསུམ་ཡོད་པ་ལས། གྲུབ་ཆེན་ནག་པོ་བའི་ལུགས་ཀྱི་དབང་དེ་དཀོན་པོ་ཡིན་པ་དང་། ང་རང་རང་བཞིན་གྱིས་གྲུབ་ཆེན་ནག་པོ་ལ་སེམས་ཐག་ཉེ་བོ་ཞིག་འདུག་”ཅེས་སོགས་ཀྱི་བཀའ་སྩལ་གནང་སོང་།
གཞན་ཡང་༸གོང་ས་མཆོག་ནས་ཁོང་གིས་“དེ་སྔ་སངས་རྒྱས་པའི་ཆོས་མ་དར་བའི་ཡུལ་གྲུ་དེ་འདྲར་ཡང་ཆོས་དར་བར་བྱས་པ་སོགས། སྐུ་ཚེ་ཧྲིལ་བོར་བསྟན་པའི་ཞབས་འདེགས་ཧུར་ཐག་གནང་བ་ནི། གཞན་ཕན་གྱི་དོན་དུ་གནང་བ་ཞིག་དང་། དེ་ལྟ་བུའི་བསྟན་པའི་ཞབས་འདེགས་བསྒྲུབས་པར་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱིས་གཟིགས་ཏེ། ཐུགས་དགྱེས་པོ་ཡོང་གི་ཡོད་པའི་རྟགས་གསལ་བོ་འདུག་ཅེས་བཀའ་སློལ་སྩལ་གནང་གི་འདུག
སྤྱི་ནོར་༸གོང་ས་མཆོག་གི་འཁྲུངས་རབས་གསོལ་འདེབས་བྱིན་རླབས་བདུད་རྩིའི་སྤྲིན་ཕུང་དུ།“འཁོར་ལོ་སྡོམ་པར་གྲུབ་བརྙེས་བཅུ་གསུམ་ཡུལ། །འདྲེན་མཛད་ནག་པོ་སྤྱོད་པར་གསོལ་བ་འདེབས། ། ཞེས་པ་གྲུབ་ཆེན་ནག་པོ་བ་དང་འཇམ་དབྱངས་ཆོས་རྗེའི་མཚན་ཁུངས་འདིར་འཇུག་དགོས་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་སློབ་ལྟར་བཀོད་”ཅེས་གསལ་བ་བཞིན། མགོན་པོ་གང་ཉིད་དམིགས་བསལ་གྲུབ་ཆེན་ནག་པོ་སྤྱོད་པ་བའི་སྐུའི་སྐྱེ་བ་བཞེས་པ་ཞལ་བཞེས་གནང་གི་ཡོད་པས། ཕྱོགས་འདུས་ཀྱི་དོན་གཉེར་ཅན་རྒྱལ་ཁབ་དང་མི་རིགས་མི་འདྲ་བ་ཧ་ཅང་མང་པོ་ཡོང་ཡོད་པ་ལས། ཁཱ་ན་དྲ་རྒྱལ་ཁབ་ཀྱི་Kjirsten Sigmundལགས་ནས། མོ་རང་ལ་བཀའ་དབང་འདི་ཞུ་རྒྱུའི་བསྐལ་བཟང་བྱུང་བར། བྱིན་རླབས་ཀྱི་ཚོར་བ་ཧ་ཅང་ཆེན་པོ་ཐོབ་པ་འགྲེལ་བརྗོད་གནང་གི་འདུག
བཀའ་དབང་ལ་ཉན་ཏེ་༸གོང་ས་མཆོག་གི་ཐུན་མོང་མིན་པའི་མཁྱེན་དཔྱོད་ཀྱི་ནུས་པ་ལ་བརྟེན་ནས། སོ་སོ་ལ་ཧ་ཅང་བྱིན་རླབས་ཀྱི་ཚོར་བ་ཆེན་པོ་ཐོབ་པ་མ་ཟད། དགའ་གུས་ཡི་རང་གི་བསམ་པའང་བརྗོད་མི་ཤེས་པ་ཞིག་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག་ཅིང་། ཡང་སོག་ཡུལ་ནས་ཡིན་པ་འབྲས་སྒོ་མང་བསམ་བློ་ཁམས་ཚན་གྱི་བློ་བཟང་མཐུ་སྟོབས་ལགས་ནས། ཁོ་ཚོ་སོག་རིགས་དད་ལྡན་ཉིས་སྟོང་ཙམ་བཅར་ཡོད་པ་ཚོར། དམིགས་བསལ་དབང་འདི་ཐོབ་རྒྱུ་ཡིན་པར་ཧ་ཅང་གིས་དགའ་སྤྲོ་བྱུང་བ་འགྲེལ་བརྗོད་གནང་གི་འདུག
བདེ་མཆོག་ནག་པོ་བའི་ལུགས་ཀྱི་ཆོས་སྐོར་ནི་ཁལ་ཁ་༸རྗེ་བཙུན་དམ་པ་སྐུ་ཕྲེང་རིམ་བྱོན་གྱིས་ཐུགས་དམ་ཉམས་བཞེས་གནང་གི་ཡོད་པས། བཀའ་དབང་འདིར་ཨུ་རུ་སུ་དང་སོག་པོ་ཁལ་ཁའི་ཕྱོགས་ཀྱི་སོག་རིགས་ཧ་ཅང་མང་པོ་བཅར་ཡོད་པ་མ་ཟད། འཛམ་གླིང་ཡུལ་གྲུ་ཁག་༦༦ནས་ཕྱི་ནང་གི་སེར་སྐྱ་གཅིག་ཁྲི་ཉིས་སྟོང་ལྷག་བཀའ་དབང་དུ་བཅར་ཡོད་ཅིང་། ༸གོང་ས་མཆོག་གིས་སྤྱི་ཚེས་༨ཉིན་དབང་གི་སྟ་གོན་དང་སྤྱི་ཚེས་༩ཉིན་དབང་དངོས་གཞི་གནང་གཏན་ཁེལ་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།