༧གོང་ས་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་དུ་གུ་རུའི་འབུམ་ཚོགས་གནང་བའི་ཚོགས་མགོན་དུ་ཞབས་སོར་འཁོད་པ།

ལོ་རེའི་འཆར་ཅན་ལྟར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་གནང་སྟེ། བོད་མི་རིགས་བསྟན་སྲིད་རང་དབང་དང་བཅས་པའི་དོན་དུ་སྐུ་སྲོག་ཤོར་བ་དང་། འབྱུང་འགྱུར་བསྟན་སྲིད་བདེ་ཐབས་དང་རང་དབང་སླར་གསོ་སོགས་ལ་དམིགས་ཏེ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གུ་རུ་འབུམ་ཚོགས་ཉི་མ་ལྔ་རིང་གནང་བཞིན་པར། འབུམ་ཚོགས་ཀྱི་ཉི་མ་དང་པོ་སྤྱི་ཟླ་༦པའི་ཚེས་༢༤ཉིན། བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཞབས་སོར་བཀོད་སོང་ལ། རྣམ་རྒྱལ་གྲྭ་ཚང་གི་དགེ་བཤེས་བློ་བཟང་གྲགས་པ་ལགས་ནས། ༧གོང་ས་མཆོག་དངོས་སུ་འབུམ་ཚོགས་སུ་ཆིབས་སྒྱུར་གྱིས་ཚོགས་འཁོར་བཅས་ཆ་ཚང་ལ་བཞུགས་པ་དང་། རྩ་བའི་གུ་རུའི་འབུམ་ཚོགས་དེ་ནི་༧གོང་ས་མཆོག་གིས་བོད་བསྟན་སྲིད་ཆེད་བཀའ་ཕེབས་ཀྱིས་ལོ་མང་འཚོགས་པར། དགོས་པ་རྒྱུ་མཚན་ཧ་ཅང་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཁོང་གིས་གུ་རུ་པདྨ་འབྱུང་གནས་ནི་ཐུགས་བསྐྱེད་སྨོན་ལམ་གྱི་དབང་གིས། དམིགས་བསལ་བོད་ཁམས་སྐྱོང་བར་ཞལ་གྱིས་བཞེས་ཏེ་བདེན་ཚིག་གྲུབ་པའི་མཐུ་ལ་བརྟེན་ནས། བོད་བསྟན་སྲིད་ཀྱི་ཆེད་གདན་འདྲེན་ཞུས་པ་ཞིག་ཡིན་པས་ཧ་ཅང་གནད་འགག་ཆེ་བ་འགྲེལ་བརྗོད་གནང་གི་འདུག
བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་གི་གུ་རུའི་འབུམ་ཚོགས་དེར། བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་གཙོས་སྤྱི་འཐུས་རྣམ་པ་ཁག་ཅིག་དང་། སྲིད་ཚབ་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས། ཕྱི་དྲིལ་བཀའ་བློན་ནོོར་འཛིན་སྒྲོལ་མ་ལགས་སོགས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའང་ཆེད་བཅར་གནང་ཡོད་པ་རེད།