༸གོང་ས་མཆོག་ཉི་ཧོང་དུ་ཞབས་སོར་བདེ་བར་འཁོད་གནང་བ།
2012.11.03
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༡༡ ཚེས་ ༣ ཉིན། ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོའི་ནང་ཞབས་སོར་བདེ་འཁོད་གནང་འདུག
དེ་ཡང་ན་རི་ཏ་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་འཁོད་སྐབས། ཉི་ཧོང་སྐུ་ཚབ་དོན་གཅོད་ལྷག་པ་འཚོ་སྒོ་ལགས་ཀྱིས་གཙོས་ས་གནས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་དང༌། དེ་བཞིན་ཉི་ཧོང་གི་ཀོ་ཡ་སན་ནང་པའི་དགོན་པའི་མཁན་རིན་པོ་ཆེ་སྐུ་ཞབས་ཡུ་ཀི་མ་སུ་ན་ག་མཆོག་བཅས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག
༸གོང་ས་མཆོག་གིས་ཉི་ཧོང་ཁུལ་དུ་ཕྱི་ཟླ་ ༡༡ ཚེས་ ༣ ནས་ཚེས་ ༡༣ བར་ཉིན་གྲངས་བཅུའི་རིང་མཛད་འཆར་བསྐྱང་རྒྱུ་ཡིན་པ་དང༌། དེ་ཡང་གཙོ་བོར། མང་ཚོགས་ལ་བཀའ་སློབ་དང། ཚན་རིག་པ་ཁག་གཅིག་དང་ལྷན་བགྲོ་གླེང་མཛད་རྒྱུ། གསར་འགོད་ལྷན་ཚོགས་སུ་བཀའ་སློབ་བསྩལ་རྒྱུ་སོགས་ཡིན་པར་སྐུ་ཚབ་དོན་གཅོད་ལྷག་པ་འཚོ་སྒོ་ལགས་ཀྱིས་གསུངས་འདུག
བོད་གཞུང་གི་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟ་རན། ཕྱི་ཚེས་ ༤ ཉིན་དད་ལྡན་ཆོས་ཞུ་བ་རྣམས་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་དང༌། ཉིན་རྒྱབ་མི་མང་ལ་རྐྱེན་ངན་བྱུང་སྐབས་བཟང་ཕྱོགས་ཀྱི་རེ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ། དེ་ནས་ཕྱི་ཚེས་ ༦ ནས་ ༧ བར་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོར་དུ་དེ་གའི་ཚན་རིག་པ་དང་། དགེ་འདུན་པ། ནང་པའི་མཁས་དབང་བཅས་དང་ལྷན་ནང་ཆོས་དང་ཚན་རིག་ཅེས་པའི་བརྗོད་གཞིའི་ཐོག་གི་བགྲོ་གླེང་ལ་ལྷན་ཞུགས་མཛད་རྒྱུ་དང། ཕྱི་ཚེས་༡༣ ཉིན་ཉི་ཧོང་རྒྱལ་ས་ཊོཀ་ཁྱོར་དུ་དེ་གའི་མི་མང་གི་ལས་གཞི་སེམས་ཁམས་ཚན་རིག་སོགས་ཀྱི་བྱེད་སྒོ་ཁག་ནང་ལྷན་ཞུགས་མཛད་རྒྱུ་ཡིན་འདུག།