བོད་མིའི་སྤྱི་ཚོགས་ནང་མཆིན་ནད་སྔོན་འགོག་གི་གོ་རྟོགས་སྤེལ་བ།
2016.07.28
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་འཛམ་གླིང་མཆིན་པའི་གཉན་ཚད་སྲུང་བརྩི་ཞུ་བའི་ཉིན་མོ་དང་སྟབས་བསྟུན་ཏེ། བཞུགས་སྒར་རྡ་རམ་ས་ལའི་ཁུལ་གྱི་མང་ཚོགས་ལ་མཆིན་པའི་གཉན་ཚད་ཀྱི་ནད་གཞིའི་ནད་རྟགས་དང་སྔོན་འགོག་སོགས་ཀྱི་སྐོར་གོ་རྟོགས་སྤེལ་འདུག
དེ་ཡང་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ནས་ཕྱི་ལོ་༢༠༡༠་ནས་བཟུང་། ལོ་ལྟར་ཕྱི་ཟླ་༧་ ཚེས་༢༨་ཉིན་མོ་དེ་བཞིན་རྒྱལ་སྤྱིའི་མཆིན་པའི་གཉན་ཚད་ཀྱི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ཕྱི་ཚེས་༢༧་ཉིན་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ། རྡ་ས་དབུས་སྨན་རྩིས་ཁང་གི་སྨན་པ་རིག་འཛིན་བཟང་མོ་ལགས་དང་། རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བདེ་གསལ་ལགས་རྣམ་གཉིས་ཀྱིས་མཆིན་པའི་གཉན་ཚད་ཀྱི་ནད་གཞིའི་ནད་རྟགས་དང་སྔོན་འགོག་སོགས་ཀྱི་སྐོར་ངོ་སྤྲོད་གནང་པ་ཡོད་པ་རེད།
ཡང་ཕྱི་ཚེས་༢༨་ཉིན་འཕྲོད་བསྟེན་ལས་ཁུངས་དང་རྡ་ས་ཀུན་ཕན་ཚོགས་པ་གཉིས་ཐུན་མོང་གིས། རྡ་རམ་ས་ལའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ་དབུས་སྨན་རྩིས་ཁང་གི་སྨན་པ་རིག་འཛིན་བཟང་མོ་ལགས། རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསོད་ནམས་སྟོབས་རྒྱལ་ལགས་གཉིས་ཀྱིས་མང་ཚོགས་ལ། མཆིན་པའི་གཉན་ཚད་ཀྱི་ནད་གཞིའི་ངོ་བོ་དང་། རྒྱུ། དེ་བཞིན་ནད་གཞི་འདིའི་ནད་རྟགས་དང་། སྔོན་འགོག་བྱ་ཐབས། ཟས་སྤྱོད་སྤང་བླངས་སོགས་ཀྱི་སྐོར་ཞིབ་ཕྲའི་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས། ཁོང་གཉིས་ཀྱིས་མང་ཚོགས་ཀྱི་དྲི་བར་ཡང་ལན་འདེབས་གནང་ཡོད་པ་རེད།
གནས་ཚུལ་ལྟར་ན། བོད་མི་གནས་སྡོད་བྱེད་ཡུལ་ལྡི་ལི་དང་། རྒྱ་གར་ལྷོ་ཕྱོགས་སོགས་ས་གནས་མང་པོ་བྱ་འགུལ་འདྲ་མིན་གྱི་སྒོ་ནས་རྒྱལ་སྤྱིའི་མཆིན་པའི་གཉན་ཚད་ཀྱི་ཉིན་མོ་སྲུང་བརྩི་གནང་ཡོད་འདུག
མཆིན་པའི་གཉན་ཚད་ཀྱི་ནད་ནི་ཕྱི་ལུགས་ཀྱི་སྨན་པས་མཆིན་པར་ནད་འབུ་ཕྲ་རབ་(Virus)ལས་བྱུང་བའི་འགོས་ནད་ཅིག་ཡིན་པ་དང་། ནད་འབུ་དེས་མཆིན་པར་རྨས་སྐྱོན་དང་རིམ་པས་མཆིན་པའི་རྩ་རྒྱུས་ལ་གནོད་སྐྱོན་ཚབས་ཆེན་བཏང་ཞིང་། དུས་ཐོག་སྨན་བཅོས་མ་བྱས་ཚེ་བཅོས་དཀའ་ལ་སྲོག་ཉེན་ཆེ་བའི་འགོས་ནད་ཞིག་ཡིན་ཚུལ་བཤད་བཞིན་པ་རེད།
གསར་འགོད་པ་ངག་དབང་ཆོས་འཕེལ།