འཕྲོད་བསྟེན་བཀའ་བློན་གྱིས་བལ་ཡུལ་དུ་འཚམས་གཟིཌ་གྲུབ།

བཙན་བྱོལ་བོད་གཞུང་གི་འཕྲོད་བསྟེན་བཀའ་བློན་མཆོག་བལ་ཡུལ་ནང་གི་འཚམས་འདྲིའི་གཟིགས་སྐོར་ལེགས་གྲུབ་བྱུང་ནས་རྒྱ་གར་དུ་ཕེབས་འབྱོར།

2008.10.30

༄༅༎བཙན་བྱོལ་བོད་གཞུང་གི་འཕྲོད་བསྟེན་བཀའ་བློན་མཆོག་བལ་ཡུལ་ནང་གི་འཚམས་འདྲིའི་གཟིགས་སྐོར་ལེགས་གྲུབ་བྱུང་ནས་ཕྱི་ཚེས་ཉི་ཤུ་དྲུག་ཉིན་རྒྱ་གར་དུ་ཕེབས་འབྱོར་བྱུང་ཡོད་པ་རེད་བཞག

བཙན་བྱོལ་བོད་གཞུང་གི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དཔལ་འབྱོར་མཆོག་བལ་ཡུལ་རྒྱལ་ཁབ་དང་ཉེ་འཁོང་པོཀ་རཱ་བཅས་པའི་ནང་ཡོད་པའི་བོད་མིའི་གཞིས་སྒར་ཁག་ནང་འཚམས་འདྲིའི་གཟིགས་སྐོར་གནང་ནས་དེར་ཡོད་བོད་མིའི་སྤྱི་ཚོགས་ཀྱི་འགན་འཁུར་མི་སྣ་ཁག་དང་མཇལ་འཕྲད་གནང་སྟེ་འཕྲོད་བསྟེན་གྱི་གལ་ཆེའི་གནས་སྟངས་སོགས་ཀྱི་སྐོར་ལ་བཀའ་སློབ་གནང་ཡོད་པ་དང་ལྷག་པར་དུ་ཨེཛ་སོགས་ཀྱི་གནས་འགངས་ཆེ་བའི་ནད་གཞི་དེ་རིགས་བཀག་སྡོམ་བྱེད་ཕྱོགས་ཐད་ལ་སློབ་སྟོན་གནང་ཡོད་པ་རེད། དེ་དང་ཆབས་ཅིག་འཕྲོད་བསྟེན་བཀའ་བློན་མཆོག་ནས་བལ་ཡུལ་གཞུང་འབྲེལ་གྱི་མི་སྣ་ཁག་ཅིག་དང་སྐུ་སྒེར་གྱི་ཐོག་ནས་མཇལ་འཕྲད་གནང་ཡོད་པ་རེད། དེ་ག་ནང་བཞིན་ལུམ་སྦི་ཎི་ཐེབས་རྩ་ཞེས་པའི་ཚོགས་པ་དེ་ནས་ཀྱང་བཙན་བྱོལ་བོད་གཞུང་འཕྲོད་བསྟེན་བཀའ་བློན་མཆོག་ལ་འཚམས་འདྲིའི་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་པ་དང་ཡང་བལ་ཡུལ་གྱི་ཚོགས་པ་ཚང་མ་མཉམ་བསྡུས་ཀྱི་ཐོག་ནས་སྐོངས་འཚོགས་གནང་བའི་རྩ་ཁྲིམས་ཀྱི་ལྷན་ཚོགས་ཤིག་གི་ཐོག་ཏུའང་བཙན་བྱོལ་བོད་གཞུང་འཕྲོད་བསྟེན་བཀའ་བློན་མཆོག་མཉམ་ཞུགས་གནང་ཡོད་པ་རེད། གོང་ཞུས་ཚོགས་པའི་འཚམས་འདྲིའི་སྣེ་ལེན་ཐོག་འཕྲོད་བསྟེན་བཀའ་བློན་མཆོག་གིས་བལ་ཡུལ་གཞུང་ནས་ཕྱི་ལོ་༡༩༦༠ལོ་ནས་བཟུང་བཙན་བྱོལ་བོད་གཞུང་བོད་མི་བྲོས་བྱོལ་བ་ཚོའི་ཐོག་ལ་རྒྱབ་སྐྱོར་རོགས་རམ་གནང་བར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་གཏམ་བཤད་སྤེལ་གནང་བ་དང་ཡང་བཀའ་བློན་ཚེ་རིང་དཔལ་འབྱོར་མཆོག་གིས་བོད་མི་ཚོ་རྒྱ་ནག་གཞུང་གི་གདུག་རྩུབ་མནར་གཅོད་འོག་ནས་གཞན་ཡུལ་དུ་སྐྱབས་བཅོལ་དུ་ཡོང་རྒྱུ་ལས་འདེམས་ཁ་མེད་པ་ཞིག་ཆགས་བསྡད་ཡོད་པ་རེད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་གནད་དོན་དེ་དབུ་མའི་ཐབས་ལམ་གྱི་ཐོག་ནས་སེལ་ཐབས་གནང་བ་ལས་བོད་དེ་རྒྱ་ནག་ནས་ཁ་བྲལ་གཏོང་རྒྱུའི་རེ་འདུན་གནང་གི་མེད་པ་རེད་ཅེས་དང་དེ་བཞིན་འཕྲོད་བསྟེན་བཀའ་བློན་མཆོག་ད་རེས་བལ་ཡུལ་ནང་འཚམས་འདྲིའི་གཟིགས་སྐོར་གྱི་བརྒྱུད་རིམ་ནང་བལ་ཡུལ་ནང་རྟེན་གཞི་བྱས་པའི་ཕྱི་རྒྱལ་གྱི་གཞུང་འབྲེལ་ལས་དོན་མི་སྣ་ཁག་དང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་གཞུང་འབྲེལ་ལས་དོན་མི་སྣ་སོགས་དང་མཇལ་འཕྲད་གནང་སྟེ་ཁོང་རྣམ་པས་བོད་དོན་དང་བོད་མིའི་སྤྱི་ཚོགས་ནང་རྒྱབ་བསྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎