རི་དྭགས་སེམས་ཅན་ལ་གཅེས་སྐྱོང་བྱེད་དགོས་སྐོར།
2009.07.02
༄༅༎རྒྱལ་བ་ཀརྨ་པ་མཆོག་ནས་རི་དྭགས་སེམས་ཅན་ལ་གཅེས་སྐྱོངས་དགོས་པའི་བཀའ་སློབ་གནང་འདུག
དེ་ཡང་བཙན་བྱོལ་བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་འཁོད་པའི་ནང་རྒྱལ་བ་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནས་བཞུགས་སྒར་རྡ་རམ་ས་ལའི་བུ་ཕྲུག་ཁྱིམ་སྡེའི་ནང་རྒྱ་གར་གྱི་རི་དྭགས་སེམས་ཅན་སྲུང་སྐྱོབ་ཚོགས་པ་དང་རྒྱལ་སྤྱིའི་རི་དྭགས་སེམས་ཅན་སྲུང་སྐྱོབ་ཚོགས་པས་ཐུན་མོང་ཐོག་སྤེལ་བའི་རི་དྭགས་སེམས་ཅན་སྲུང་སྐྱོབ་ཀྱི་ལྷན་ཚོགས་ཤིག་ཕྱི་ཟླ་དྲུག་པའི་ཚེས་ཉི་ཤུ་དགུ་ཉིན་ཚུགས་ཡོད་པའི་ཐོག་རི་དྭགས་སེམས་ཅན་ལ་གཅེས་སྐྱོངས་བྱེད་དགོས་པའི་བཀའ་སློབ་གནང་ཡོད་ཅིང་ཀརྨ་པ་རིན་པོ་མཆོག་ནས་བཀའ་གནང་བར་སེམས་ཅན་ཚོ་ནི་མིའི་རིགས་ཀྱི་དགྲ་བོ་མིན་པ་དང་ང་ཚོ་ནི་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཞིག་ཡིན་ཞིང་སེམས་ཅན་ཚང་མར་རང་སོ་སོའི་སྐྱེ་དངོས་གནས་སྟངས་མི་འདྲ་བ་ཞིག་ཡོད་པ་དང་གལ་སྲིད་དེར་འགྱུར་ལྡོག་བཏང་ཚེ་ཁྱོན་ཡོངས་ལ་གནོད་ཚབས་ཡོང་རྒྱུ་ཡིན་པ་དང་མིའི་རིགས་ཀྱིས་རི་དྭགས་སེམས་ཅན་ལ་གཅེས་སྐྱོངས་བྱ་རྒྱུ་དེ་ནི་མཐའ་མཇུག་རང་སོ་སོར་རོགས་རམ་བྱས་པ་དང་ཁྱད་མེད་ཡིན་པ་བཀའ་གནང་ཡོད་འདུག ཡང་ཀརྨ་པ་རིན་པོ་མཆོག་ནས་རི་དྭགས་སེམས་ཅན་ལ་གཅེས་སྐྱོངས་བྱ་རྒྱུ་དེ་གཅིག་ནས་འཁོར་ཡུག་སྲུང་སྐྱོབས་དང་འབྲེལ་བ་ཡོད་པ་རེད་ལ་བོད་མི་ཚོ་ནང་པ་ཡིན་པའི་ཆ་ནས་ཆོས་ལུགས་ཐོག་ནས་བཤད་ཀྱང་སྐྱེ་བ་སྔོན་མའི་ནང་སེམས་ཅན་ཐམས་ཅན་རང་གི་མ་བྱེད་མྱོང་མཁན་ཤ་ཏག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོག་རེད། དེའི་ནང་རི་དྭགས་སེམས་ཅན་ཡང་ཚུད་ཀྱི་ཡོད་པ་བཀའ་གནང་འདུག ཕྱི་ལོ་ཉིས་སྟོང་ལྔ་ལོའི་ཕྱི་ཟླ་བཞི་པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རི་དྭགས་སེམས་ཅན་ལ་གཅེས་སྐྱོངས་བྱེད་དགོས་པ་དང་བོད་མི་ཚོས་རི་དྭགས་སེམས་ཅན་གྱི་སྤགས་པའི་གྱོན་ཆས་རིགས་གྱོན་རྒྱུ་མཚམས་འཇོག་དགོས་པའི་བཀའ་སློབ་ཕེབས་པའི་རྗེས་བོད་ མིའི་ནང་རི་དྭགས་སེམས་ཅན་སྲུང་སྐྱོབ་ཀྱི་ལས་དོན་ཁག་སྤེལ་ཡོད་ན་ཡང་ད་དུང་ཡང་ལས་དོན་དེ་རིགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུའི་བཀའ་སློབ་གནང་འདུག