ཨ་རིའི་ཁྲིམས་ཁང་གིས་རྒྱ་ནག་གི་ཚོང་པ་འབྱོར་ལྡན་པ་ཀོ་ཝུན་ཀའེ་ལ་ནག་ཉེས་ཡོད་པ་བསྒྲགས་འདུག
དེ་ཡང་༢༠༡༤ ལོར་རྒྱ་ནག་ནས་ཨ་རིར་སྐྱབས་བཅོལ་དུ་ཡོང་བའི་རྒྱ་ནག་གི་ཚོང་པ་འབྱོར་ལྡན་པ་ཀོ་ཝུན་ཀའེ་(Guo Wengui)་༢༠༢༣་ལོའི་ཕྱི་ཟླ་གསུམ་པའི་ནང་ཨ་རིས་འཛིན་བཟུང་བྱས་ཡོད་པ་ལྟར། ད་ཆ་ཁོང་གིས་དྲ་ལམ་བརྒྱུད་ཁོང་གི་རྗེས་འབྲངས་པ་ཚོར་ཨ་སྒོར་ཐེར་འབུམ་༡ཙམ་གྱི་མགོ་སྐོར་བཏང་བའི་ནག་ཉེས་ཡོད་པ་ཨ་རིའི་ཁྲིམས་ཁང་ཞིག་གིས་གསལ་བསྒྲགས་བྱས་འདུག་ལ། དེའི་ནང་ཁོང་ལ་ཁྲིམས་འགལ་ནག་ཉེས་ཁག་བཅུ་གཉིས་བཙུགས་པ་ནས་དགུ་ཉེས་པ་གསག་ཡོད་པའི་ར་སྤྲོད་བྱུང་བ་ནི་གཡོ་སྒྱུ་འཁྲབ་པ་དང་མགོ་སྐོར་བཏང་བ། དངུལ་ནག་དཀར་བསྒྱུར་བྱས་བ་སོགས་ཚུད་ཡོད་པ་རེད་འདུག
སྐུ་ཞབས་(Guo Wengui)་ན་ནིང་༢༠༢༣ལོའི་ཕྱི་ཟླ་གསུམ་པའི་ནང་འཛིན་བཟུང་བྱས་ཏེ་ད་ལྟ་བཙོན་ཁང་དུ་ཡོད་པ་དང་། ཕྱི་ཟླ་༡༡པའི་ཚེས་༡༩་ཉིན་ཁྲིམས་ཐག་གཅོད་རྒྱུ་ཡིན་འདུག དུས་དེ་ནས་བཟུང་ཧ་ལམ་ཁོང་བཙོན་ཁང་དུ་ལོ་ངོ་བཅུ་གྲངས་རིང་སྡོད་དགོས་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།
(Guo Wengui)་ནི་ཨ་རིར་འབྱོར་བ་ནས་རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་པ་དང་། ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་(Donald Trump)་མཆོག་གིས་སྲིད་འཛིན་གནང་བའི་སྐབས་ཀྱི་ཕོ་བྲང་དཀར་པོའི་སློབ་སྟོན་པ་ཟུར་པ་(Stephen Bannon)་དང་མཐུན་གྲོགས་ཀྱི་འབྲེལ་བ་ཡོད་པ་རེད།།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།