ཧོང་ཀོང་ནང་རྒྱ་གཞུང་གིས་ཐེ་བྱུས་ལ་ངོ་རྒོལ།
2011.07.02
༄༅༎ཕྱི་ཟླ་བདུན་པའི་ཚེས་༡ཉིན་ཧོང་ཀོང་གི་བདག་དབང་རྒྱ་ནག་གཞུང་གིས་རྩིས་ལེན་བྱས་ནས་ལོ་ངོ་བཅུ་བཞི་འགྲོ་གི་ཡོད་པའི་དུས་དྲན་ཉིན་ ཧོང་ཀོང་མི་མང་ཁྲི་སྟོང་མང་པོས་ཁྲོམ་གཞུང་དུ་འདོན་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ནང་སྲིད་ལ་ཐེ་བྱུས་བྱེད་རྒྱུ་ཤུགས་ཆེ་རུ་གཏོང་བཞིན་པ་སོགས་ཀྱི་གནས་སྟངས་ངོ་རྒོལ་རྔམ་སྟོན་བྱས་ནས་ ཧོང་ཀོང་ཉེན་རྟོག་པས་ངོ་རྒོལ་བྱེད་མཁན་མི་གྲངས་ཉིས་བརྒྱ་གསུམ་ཅུ་ལྷག་ཙམ་འཛིན་བཟུང་བྱས་ཡོད་པ་རེད།
ཧོང་ཀོང་ཉེན་རྟོག་ལས་ཁང་གིས་དེ་རིང་གཟའ་སྤེན་པའི་ཐོ་རེངས་རྩམ་དུ་ ཉེན་རྟོགས་པ་འཕོན་ཆེ་བཏང་ནས་ཧོང་ཀོང་ནང་ཡོད་པའི་རྒྱ་ནག་དངུལ་ཁང་གི་གཡས་གཡོན་དུ་ངོ་རྒོལ་བ་དང་ཉེན་རྟོག་པའི་དབར་གདོང་ཐུག་བྱུང་ས་ནས་ངོ་རྒོལ་བ་མི་གྲངས་ཉིས་བརྒྱ་གསུམ་ཅུ་ལྷག་ཙམ་འཇུ་བཟུང་བྱས་ཡོད་པ་དང་ གནས་ཚུལ་མཐོང་མཁན་གྱི་ཧོང་ཀོང་གྲོང་མིས་བརྗོད་དོན་ལྟར་ན།ཉེན་རྟོག་པས་ངོ་རྒོལ་བྱེད་སའི་ཁུལ་དུ་ ངོ་རྒོལ་བ་ཚོའི་ཐོག་སེ་པན་གྱི་ཕུར་མདའ་རྒྱབ་ནས་ངོ་རྒོལ་བ་ཚོ་ཁ་མཐོར་གཏོང་ཐབས་བྱས་ཡོད་པ་མ་ཟད། ངོ་རྒོལ་བ་མང་པོ་ཞིག་ལ་ལག་ལྕགས་རྒྱབ་ནས་འཇུ་བཟུང་བྱས་ཡོད་པ་དང་། དེ་ཚོའི་ནང་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཡང་ཡོད་པའི་སྐོར་བརྗོད་འདུག གནས་ཚུལ་ནང་འཁོད་པར་གཞིགས་ན། ཕྱི་ཟླ་བདུན་པའི་ཚེས་༡ཉིན་ཧོང་ཀོང་གྲོང་མི་ཁྲི་སྟོང་མང་པོས་ཁྲོམ་གཞུང་དུ་འདོན་ནས་ངོ་རྒོལ་རྔམ་སྟོན་བྱས་པའི་རྗེས་ངོ་རྒོལ་བ་ཁག་ཅིག་རྒྱ་ནག་གི་དངུལ་ཁང་ཡོད་པའི་ས་གནས་སུ་འདུ་འཛོམས་ཀྱིས་མུ་མཐུད་ངོ་རྒོལ་བྱས་ནས་ས་གནས་དེ་ནས་ཁ་བྲལ་རྒྱུར་ཁ་ལེན་མ་བྱས་པར་བརྟེན་ དེའི་བརྒྱུད་ཀྱི་འགྲིམ་འགྲུལ་འགག་ཡོད་པ་དང་། ཉེན་རྟོག་པས་ངོ་རྒོལ་བ་ཚོས་སྤྱིའི་འགྲིམ་འགྲུལ་བདེ་འཇགས་ལ་གནོད་འཚེ་བཟོས་ལུགས་ཀྱི་ཉེས་པའི་འོག་ངོ་རྒོལ་བ་ཚོ་འཇུ་བཟུང་བྱས་ལུགས་ཉེན་རྟོག་ལས་ཁང་གིས་གསལ་བསྒྲགས་སྤེལ་ཡོད་པ་རེད༎