ཐེ་ཝན་ལྷོ་ཕྱོགས་སུ་བོད་བརྒྱུད་ནང་བསྟན་གྱི་དགོན་པ་སྒོ་སོག་བརྩེ་ཆེན་ཀུན་ཕན་གླིང་གི་གཙུག་ལག་ཁང་དབུ་འབྱེད་གནང་ཡོད་འདུག
དེ་ཡང་རེས་གཟའ་ཉི་མའི་ཉིན་ཐེ་ཝན་གྱི་ལྷོ་ཕྱོགས་སུ་ཆགས་པའི་ཕཱིན་ཏུང་ས་གནས་སུ་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཆེ་གྲས་སྒོ་སོག་བརྩེ་ཆེན་ཀུན་ཕན་གླིང་གི་གཙུག་ལག་ཁང་དབུ་འབྱེད་གནང་ཡོད་པ་དང་། དགོན་པ་དབུ་འབྱེད་བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་མཆོག་གིས་གནང་བ་དང་། དབུ་འབྱེད་མཛད་སྒོར་ཨ་རི་དང་། ཁེ་ན་ཌ། རྒྱ་ནག སོག་པོ། ཧོང་ཀོང་། བལ་ཡུལ། ཝེཊ་ནམ། ཨིན་ཌོ་ནེ་ཤི་ཡ། དེ་བཞིན་ཡུ་རོབ་ས་ཁུལ་སོགས་ནས་དད་ལྡན་མི་མང་ཆིག་སྟོང་ལྔ་བརྒྱ་ཙམ་ཕེབས་ཡོད་པ་མ་ཟད། མཛད་སྒོར་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་སྒོ་སོག་རིན་པོ་ཆེ་མཆོག་ལ་དགོན་པའི་རྟེན་དང་བརྟེན་པ་ལེགས་གྲུབ་བྱུང་བར་འཚམས་འདྲི་དང་འབྲེལ། བསྟན་པའི་བྱ་བ་སྔར་ལྷག་རྒྱས་པའི་སྨོན་འདུན་ཞུས་ཡོད་པ་དང་། དེ་བཞིན་ཐེ་ཝན་ནི་རང་དབང་དང་མང་གཙོའི་རྒྱལ་ཁབ་ཞིག་ཡིན་པར་བརྟེན། ཆོས་ལུགས་གང་གི་རྗེས་སུ་འཇུག་ཀྱང་བཀག་སྡོམ་མེད་པར་མང་ཚོགས་ལ་ཆོས་དད་རང་དབང་ཆ་ཚང་ཡོད་ཅེས་གསུངས་འདུག
དབུ་འབྱེད་མཛད་སྒོ་གྲོལ་རྗེས་ཉིན་རྒྱབ་རྒྱ་ནག་དང་བོད་བརྒྱུད་བསྟན་གྱི་ནང་ཆོས་ཐོག་བགྲོ་གླེང་ལྷན་ཚོགས་ཞིག་ཚོགས་ཡོད་པ་དང་། ལས་རིམ་དེའི་ཐོག་སྒོ་སོག་རིན་པོ་ཆེ་གཙོ་བྱས་པའི་དགེ་འདུན་པ་དང་། མཁས་དབང་ཁ་ཤས་ལྷན་ཞུགས་ཐོག་ནང་ཆོས་ཀྱི་གལ་གནད་དང་དེས་ད་ལྟའི་དུས་སྐབས་འདིར་གོ་ལ་སྤྱི་ཡོངས་ལ་རིན་ཐང་ཇི་ཡོད་སྐོར་སོགས་བགྲོ་གླེང་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག
གསར་འགོད་པ་ལྕགས་མོ་འཚོ།
ཐེ་ཝན་ལ་སྒོ་སོག་བརྩེ་ཆེན་ཀུན་ཕན་གླིང་གི་གཙུག་ལག་ཁང་དབུ་འབྱེད་གནང་འདུག
