གྷུ་གྷལ་ནང་ཡིག་ཆ་ཟུར་དུ་ཉར་ཚགས་བྱེད་པའི་མཐུན་རྐྱེན་མེད་པ་བཟོས་བར་བློ་ཚབས་བྱེད་མཁན་འདུག

གྷུ་གྷལ་ནང་ཡིག་ཆ་ཟུར་དུ་ཉར་ཚགས་བྱེད་པའི་མཐུན་རྐྱེན་མེད་པ་བཟོས་བའི་ཐད་བོད་དོན་གཙོས་ཉམས་ཞིབ་གནང་མཁན་ཚོས་བློ་ཚབས་གནང་བཞིན་འདུག

གྷུ་གྷལ་(Google)་འཚོལ་བཤེར་དྲྭ་ངོས། སྒྲིག་བཟོ། ཀླུ་འབུམ། /RFA

དེ་ཡང་ཟླ་འདིའི་ཚེས་༡ཉིན་གྷུ་གྷལ་ཚོང་གཉེར་ཁང་གི་འཚོལ་ཞིབ་འབྲེལ་མཐུད་པ་(Danny Sullivan)་ལགས་ཀྱིས་ཁོང་གི་(X)་སྤྱི་ཚོགས་དྲྭ་རྒྱའི་སྟེང་དེང་སྐབས་འཛམ་གླིང་ཐོག་དྲྭ་རྒྱའི་ནུས་པ་ལ་སོགས་གང་ཅིའི་ཐོག་ཡར་རྒྱས་ཕྱིན་ཡོད་སྟབས། གྷུ་གྷལ་འཚོལ་ཞིབ་མཉེན་ཆས་ཀྱི་ཡིག་ཆ་གང་རུང་གི་པར་བཤུས་ཡིག་ཆ་ཉར་ཚགས་བྱེད་ས་(Cache)་ཞེས་པའི་ཁྱད་ཆོས་དེ་མེད་པར་བཟོ་རྒྱུ་ཐག་གཅོད་བྱས་པ་བརྗོད་འདུག
དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་དོན་ཉམས་ཞིབ་པ་དང་རྒྱ་ནག་ཐད་ཀྱི་ཉམས་ཞིབ་པ་ཁག་གིས་ཁོང་ཚོས་བོད་དང་ཤར་ཏུར་ཀི་སི་ཐན་གྱི་གནས་སྟངས་ཐད་ཉམས་ཞིབ་བྱེད་སྐབས། ནམ་རྒྱུན་ནས་རྒྱུ་ཆ་འཚོལ་ཞིབ་ཐད་དཀའ་ངལ་ཡོད་པ་ཞིག་ད་ལྟ་གྷུ་གྷལ་འཚོལ་ཞིབ་མ་ལག་ནང་ཡིག་ཆ་ཟུར་དུ་ཉར་ཚགས་བྱེད་རྒྱུ་མིན་པ་དེས་དཀའ་ཚེགས་དེ་བས་ཆེ་བ་འཕྲད་རྒྱུ་ཡིན་པར་ངོས་འཛིན་གནང་གི་འདུག་ལ་། (Rose-Hulman)་བཟོ་རིག་འཕྲུལ་ལས་ཉམས་ཞིབ་ལྟེ་གནས་ཁང་གི་རྒྱ་རིག་པའི་སློབ་དཔོན་(Timothy Grose)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱལ་སྤྱིའི་ཚོགས་སྡེ་དང་ཉམས་ཞིབ་པ་ཚོས་བོད་དང་ཤར་ཏུར་ཀི་སི་ཐན་ནང་གི་གནས་ཚུལ་ཤེས་རྟོགས་ཆེད་ས་ཁུལ་དེ་དག་ནང་བསྐྱོད་རྒྱུར་རྒྱ་ནག་གིས་ཆོག་མཆན་སྤྲོད་ཀྱི་མེད་སྟབས། ཁོང་ཚོས་དྲྭ་རྒྱ་བརྒྱུད་གནས་ཚུལ་འཚོལ་ཞིབ་བྱ་རྒྱུ་ལས་འདེམས་ཀ་གཞན་མེད་པར་བརྟེན་ད་རེས་ཀྱི་གནས་ཚུལ་འདིས་ཁོང་ཚོར་སྔར་ལས་ཀྱང་དཀའ་ངལ་ཆེ་བ་འཕྲད་རྒྱུ་ཡིན་པ་གསུངས་བྱུང་།
དེ་བཞིན་བོད་མི་མང་སྤྱི་འཐུས་དང་བོད་དོན་ལས་འགུལ་བསྟི་གནས་ཁང་གི་དྲྭ་རྒྱའི་བདེ་འཇགས་འགན་འཛིན་སྲི་ཐར་བློ་བཟང་རྒྱ་མཚོ་ལགས་ཀྱིས་ཀྱང་། གྷུ་གྷལ་ནང་ཡིག་ཆ་ཟུར་དུ་ཉར་ཚགས་བྱེད་པའི་མཐུན་རྐྱེན་མེད་པ་བཟོ་རྒྱུ་དེས་བོད་པ་དང་རྒྱལ་སྤྱིའི་ནང་གི་ཉམས་ཞིབ་པ་ཚོར་དྲྭ་རྒྱ་གཞན་དང་གསར་འགྱུར་མང་པོ་ཉར་ཚགས་ཀྱི་དྲྭ་རྒྱའི་ལོ་རྒྱུས་དེ་མེད་པར་འགྲོ་བའི་ཉེན་ཁ་དང་དཀའ་ངལ་ཞིག་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་རྒྱ་གར་ནང་ཡོད་པའི་(Takshshila Institute)་བསྟི་གནས་ཁང་དུ་རྒྱ་རིག་པའི་ཐད་ཉམས་ཞིབ་གནང་བཞིན་པ་(Anushka Saxena)་ལགས་ཀྱིས། ད་རེས་གྷུ་གྷལ་ཚོང་གཉེར་ཁང་གི་ཐག་གཅོད་དེ་ནི། ཕྱི་ཕྱོགས་ཀྱི་ཉམས་ཞིབ་པ་ཚོར་མཚོན་ན་གཏམ་བཟང་ཞིག་མ་རེད། མ་ཟད་དེ་རྒྱ་ནག་ལ་མཚོན་ན་ཁེ་ཕན་ཆེན་པོ་ཞིག་ཆགས་ཡིན་པ་གསུངས་བྱུང་།
བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་ལྷ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་ནང་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་གཙོས་བའི་དྲྭ་རྒྱའི་ཐད་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་ཡོད་སྟབས། བོད་དོན་ཉམས་ཞིབ་པ་གཙོས་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་ཐད་ཉམས་ཞིབ་གནང་མཁན་ཚོར་གྷུ་གྷལ་ཚོང་གཉེར་ཁང་གི་ཐག་གཅོད་དེས་ཁྱད་པར་ཞིག་བཟོ་ངེས་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཡང་དེའི་ཐད་གྷུ་གྷལ་ཚོང་གཉེར་ཁང་གི་མགྲིན་ཚབ་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་བརྒྱུད་ལན་འདེབས་གནང་བའི་ནང་། སྔ་མོ་ལོ་བཅུ་ཕྲག་གཉིས་ཙམ་གོང་ལ་དྲྭ་རྒྱ་འཚོལ་ཞིབ་བྱེད་རྒྱུར་དུས་ཡུན་རིང་པོ་འགོར་གྱི་ཡོད་པའི་སྐབས། གྷུ་གྷལ་དྲྭ་རྒྱ་ཚོང་གཉེར་ཁང་གིས་(Cache)་ཞེས་བའི་བྱེད་ནུས་དེ་གསར་བསྐྲུན་བྱས་བ་རེད། ད་ཆ་དྲྭ་རྒྱའི་ནུས་པ་དང་མགྱོགས་ཚད་ཧ་ཅང་ཤུགས་ཆེ་རུ་སོང་ཡོད་དུས་(Cache)་ཞེས་བའི་བྱེད་ནུས་དེ་དགོས་མཁོ་དེ་ཙམ་མེད་པར་ངོས་འཛིན་བྱེད་བཞིན་པ་འཁོད་འདུག
གྷུ་གྷལ་གྱིས་སྤེལ་བའི་གསལ་བསྒྲགས་ནང་། པར་བཤུས་ཡིག་ཆ་ཉར་ཚགས་བྱེད་ཡུལ་(cache)་དང་བེད་སྤྱོད་མེད་པའི་དྲྭ་རྒྱ་ཡོངས་སུ་མེད་པ་བཟོ་རྒྱུ་ཡིན་པ་བརྗོད་ཡོད་ཅིང་། སྤྱིར་བཏང་གྷུ་གྷལ་འཚོལ་ཞིབ་མ་ལག་ནང་བེད་སྤྱོད་མེད་པར་གྱུར་ཟིན་པའི་དྲྭ་རྒྱའི་གནས་ཚུལ་མང་པོ་ཞིག་ཉར་ཚགས་བྱེད་སྲོལ་ཡོད་པ་དེ་ནི་ཉམས་ཞིབ་པ་ཚོར་མཐུན་རྐྱེན་ཧ་ཅང་གལ་ཆེ་ཞིག་ཆགས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ལྕགས་མོ་འཚོ། བསྟན་འཛིན་པདྨ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org