མགོན་པོ་སྐྱིད་ལགས་ནས་བསྐྱར་དུ་བོད་ལྗོངས་མཐོ་རིམ་ཁྲིམས་ཁང་མདུན་དུ་རྡོ་རྗེ་བཀྲ་ཤིས་ལགས་སུ་ཁྲིམས་འགལ་བཙོན་འཇུག་བྱས་པར་བསྐྱར་ཞིབ་དགོས་པའི་ཞུ་གཏུག་ལས་འགུལ་སྤེལ་འདུག
མགོན་པོ་སྐྱིད་ཀྱིས་བསྐྱར་དུ་བོད་ལྗོངས་མཐོ་རིམ་ཁྲིམས་ཁང་སྒོ་མདུན་དུ། རྡོ་རྗེ་བཀྲ་ཤིས་ལགས་སུ་ཁྲིམས་འགལ་བཙོན་འཇུག་བྱས་པའི་གནད་དོན་ལ་ཁྲིམས་བཤེར་དང་ནང་མི་ཚོ་ཁོང་ལ་ཐུག་འཕྲད་བྱ་འཇུག་དགོས་པའི་ཞུ་གཏུག་ལས་འགུལ་སྤེལ་ཡོད་པ།
- 2023-03-27
-
-
-
བོད་མི་འབྱོར་ལྡན་པ་རྡོ་རྗེ་བཀྲ་ཤིས་ལགས་སུ་རྒྱ་ནག་གཞུང་གིས་གསང་བའི་ཁྲིམས་བཤེར་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་བཞིན། ཕྱི་ཟླ་༣ཚེས་༢༦ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་༧:༤༠་སྟེང་། ཁོང་གི་གཅེན་མོ་མགོན་པོ་སྐྱིད་ཀྱིས་བསྐྱར་དུ་བོད་ལྗོངས་མཐོ་རིམ་ཁྲིམས་ཁང་སྒོ་མདུན་དུ། རྡོ་རྗེ་བཀྲ་ཤིས་ལགས་སུ་ཁྲིམས་འགལ་བཙོན་འཇུག་བྱས་པའི་གནད་དོན་ལ་ཁྲིམས་བཤེར་དང་ནང་མི་ཚོ་ཁོང་ལ་ཐུག་འཕྲད་བྱ་འཇུག་དགོས་པའི་ཞུ་གཏུག་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་བདེ་སྲུང་ཉེན་རྟོག་ཟེར་བ་ཁག་ཅིག་ནས་ཁོ་མོར་ལས་འགུལ་མཚམས་འཇོག་དགོས་པའི་བཙན་ཤེད་དང་རུབ་བརྡུང་སོགས་བྱས་ཡོད་པ། བོད་ནང་དང་བཙན་བྱོལ་ནང་གི་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་བརྗོད་དོན་ལ། ཞུ་གཏུག་ངོ་རྒོལ་ལས་འགུལ་སྤེལ་སྐབས་ཁོ་མོའི་ལག་ཏུ་རྡོ་རྗེ་བཀྲ་ཤིས་ལགས་སུ་ཁྲིམས་འགལ་དང་དྲང་བདེན་མིན་པའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཉེས་ཁྲིམས་ཡིག་ཆ་བཟུང་ཡོད་པ་དང་། ཞུ་གཏུག་ལས་འགུལ་མགོ་བརྩམས་ནས་ཅུང་ཙམ་ལས་མ་སོང་བར་བདེ་སྲུང་ཉེན་རྟོག་པ་ཁག་ཅིག་ནས་བཙན་ཐབས་ཀྱིས་ཁྲིད་ཡོད་པ་དང་། མགོན་པོ་སྐྱིད་ལགས་ནས་ཉེན་རྟོག་པ་ཚོའི་བཙན་ཐབས་ལ་ངོ་རྒོལ་བྱས་པས་བདེ་སྲུང་ཉེན་རྟོག་པ་དང་ཁོ་ཚོའི་བར་ཁ་རྩོད་བྱུང་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་དང་། ད་ལྟའི་ཆར་འཛིན་བཟུང་བྱས་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གསལ་ཁ་མེད་པ་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
ཟླ་འདིའི་ཕྱི་ཚེས་༢༠་ཉིན་མགོན་པོ་སྐྱིད་ཀྱིས་ཡོངས་གྲགས་ངང་རྡོ་རྗེ་བཀྲ་ཤིས་ཀློད་གྲོལ་དགོས་པའི་ཞུ་གཏུག་ལས་འགུལ་སྤེལ་བས། ལྷ་ས་པེ་ཅིན་སྲང་ལམ་ཉེན་རྟོག་པས་འཛིན་བཟུང་དང་མཚན་གཅིག་ལ་བཀག་ཉར་དང་གཅར་བརྡུང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད་ལ། གནས་ཚུལ་མཁོ་སྤྲོད་པས་མགོན་པོ་སྐྱིད་ལགས་ནས་ཞུ་གཏུག་ངོ་རྒོལ་ལས་འགུལ་སྤེལ་བཞིན་པའི་བརྙན་ཞིག་མཁོ་སྤྲོད་གནང་བའི་ནང་། མགོན་པོ་སྐྱིད་ཀྱི་ཞུ་གཏུག་ལས་འགུལ་སྐབས་བདེ་སྲུང་ཉེན་རྟོག་པས་ཁོ་མོར་གཅར་བརྡུང་དང་། ཁོ་མོའི་སྟོད་གོས་རལ་ཡོད་པ་སོགས་མཐོང་རྒྱུ་འདུག་ལ། བརྙན་ངོས་སུ་རྒྱ་ཡིག་གིས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་མགོན་པོ་སྐྱིད་ལ་བོད་ལྗོངས་མཐོ་རིམ་ཁྲིམས་ཁང་ཕྱི་ལོགས་ནས་བདེ་སྲུང་ཉེན་རྟོག་པས་རུབ་བརྡུང་བྱས་སྐོར་བཀོད་འདུག
རྒྱ་ནག་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལགས་སུ་ཕྱི་ལོ་༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་མི་ཞི་རྒོལ་བ་ཚོར་རྒྱབ་སྐྱོར་བྱས་ལུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མ་དངུལ་གྱི་ཞལ་འདེབས་སྤྲད་ལུགས་བརྗོད་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ་ལོ་ངོ་༡༥འགྲོ་བཞིན་ཡོད་པ་དང་་། ཁོང་གི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་དང་གཅེན་མོ་མགོན་པོ་སྐྱིད་དང་། དེ་བཞིན་གཅེན་མོའི་ཁྱོ་ག་ཆོས་སྐྱོང་ལགས་གསུམ་གྱིས་ཐེངས་མང་ལ་ཡོངས་གྲགས་ངང་ཁོང་ཀློད་གྲོལ་དགོས་པའི་ཞུ་གཏུག་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་རྡོ་རྗེ་ཚེ་བརྟན་ཡང་འཛིན་བཟུང་གིས་མི་ལོ་༦བཙོན་འཇུག་ཁྲིམས་ཐག་བཅད་མྱོང་བ་དང་། མགོན་པོ་སྐྱིད་ཀྱང་སྔ་རྗེས་སུ་ཐེངས་༥ལ་འཛིན་བཟུང་དང་འདྲི་རྩད་གཅར་བརྡུང་ཐེངས་མང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།